国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྐུན་རྫས་སྐུང་རོགས་དང་བཙོང་རོགས་བྱས་ན་ཁྲིམས་འགལ་ཡིན་ནམ།

བཀྲ་ཤིས་དོན་གྲུབ་དང་ལྷ་དཔལ།ཚེ་རྒྱལ་གསུམ་གྱིས་རྒྱུན་དུ་ཧོར་གཙང་སྡེ་བའི་ར་ལུག་དང་ནོར་གནག་བརྐུས་ཏེ་ཀ་ཅི་ས་ཆར་དེད་ནས་རྐུན་ཚོང་རྒྱག་གིན་ཡོད།ཉིན་ཞིག་གི་དགོང་མོར།ཁོ་ཚོས་དར་རྒྱས་སྒང་ནས་འབྲི་གཡག་བཅུ་གསུམ་དེད་ནས་ཧོར་གཙང་མདོར་ཐོན་པ་ན་ནམ་ལངས་ལ་རན་སོང་།ཧོར་གཙང་མདོའི་རུ་སྡེ་དེ་དེ་འདྲ་ཆེ་རྒྱུ་མེད་པའི་ཁར་རུ་ཁྱིམ་ཚང་མ་ཐར་ཐོར་དུ་ཆགས་ཡོད།ཁོ་ཚོའི་སེམས་སུ་འདི་ནས་ཀ་ཅིའི་བར་དུ་ད་དུང་སྤྱི་ལེ་བཅུ་ཕྲག་འགའ་ཡོད་པས་མི་གཞན་དང་སྤྱི་བདེ་ཉེན་རྟོག་པས་ཀྱང་ཤེས་སླ་རྒྱུ་རེད་བསམས་ནས།ཧོར་གཙང་མདོ་ཡི་ཕོ་གསར་ཀླུ་རྒྱལ་དང་བཀྲ་ཤིས་དོན་གྲུབ་གཉིས་ནི་ཕ་མ་མིང་སྲིང་གི་བྱིས་པ་ཡིན་པས།ཁོ་གཉིས་སྤུན་མཆེད་ཀྱང་ཡིན་ལ་ཕན་ཚུན་ལ་བློ་ཁ་འདྲིས་པ་ཞིག་ཀྱང་ཡིན།

དང་ཐོག་ཁོ་ཚོས་འབྲི་གཡག་རྣམས་བླ་བྲང་ནས་ཉོས་ཡོང་བ་དང་བཤན་པས་ཀ་ཅི་ན་སྒུག་ཡོད་ཚུལ་བཤད་ནའང་།ཀླུ་རྒྱལ་གྱིས་རྣར་མ་སོང་བར་ངེད་ཚང་དུ་འདི་འདྲའི་འབྲི་གཡག་མང་པོ་ཞིག་འཇུག་སའི་ཟོག་ར་ཞིག་མེད་ཚུལ་བཤད་པ་ན།ཁོ་ཚོས་རྐུན་ཟོག་ཡིན་ཚུལ་གྱི་དོན་དངོས་སུ་བཤད་པ་དང་།གལ་ཏེ་ཁོ་ཚོར་སྐུང་རོགས་བྱེད་ཐུབ་ཚེ་འབྲི་གཡག་གཅིག་ལ་སྒོར་ཉིས་བརྒྱ་རེ་སྟེར་ཞེས་བཤད་པ་ན།ཀླུ་རྒྱལ་ཡང་ཡིད་འཐད་བྱུང་སྟེ་ཉིན་གསུམ་ལ་ཁོ་ཚང་ནས་རྐུན་ཟོག་སྐུང་རོགས་བྱས།འོན་ཀྱང་ལས་ངན་པ་ཞིག་ལ།ཉིན་གསུམ་འདས་པོའི་མཚན་མོའི་དུས་ཚོད་གཉིས་ཀྱི་སྟེང་།ཁོ་ཚོས་རྐུན་ཟོག་རྣམས་དེད་ནས་ཀ་ཅིར་འགྲོ་བའི་ལམ་བར་དུ།བསང་ཆུ་རྫོང་སྤྱི་བདེ་ཉེན་རྟོག་པས་ཁོ་ཚོ་འཛིན་བཟུང་བྱས།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རྐུན་ཟོག་རྐུང་རོགས་བྱེད་མཁན་གྱི་ཀླུ་རྒྱལ་ལ་ཉེས་པ་ཡོད་དམ།

རྐུན་རྫས་སྐུང་རོགས་དང་བཙོང་རོགས་བྱེད་པ་ནི།ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ཅིག་རེད།དེ་ཅིའི་ཕྱིར་ཞེ་ན།བྱ་སྤྱོད་འདིའི་རིགས་ཀྱིས་ཕྱོགས་གཅིག་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་རྐུན་རྫས་རྩད་གཅོད་གཞུང་བཞེས་ཀྱིས་ཉེས་རྟགས་ལེན་པ་དང་།དུས་ཐོག་ཏུ་ཉེས་ཅན་ལ་མཚང་བརྟོལ་དང་རྡུང་རྡེག་བྱས་ཏེ།རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་བར་བཀག་འགོག་དང་།ཕྱོགས་གཞན་ཞིག་ནས་ཉེས་ཅན་ཐད་ཀར་རོགས་བྱས་ཏེ་རྒྱུ་ནོར་གྱི་ཁེ་ཕན་ཐོབ་པར་བྱེད་ཅིང་།བཅའ་ཁྲིམས་བཀག་སྡོམ་ལས་བྱོལ་བ།དོན་དངོས་ཐོག་ནག་ཉེས་བཟོ་བར་རྒྱབ་སྐྱོར་དང་སྐུལ་བའི་ནུས་པ་ཐོན་པས།རྐུན་རྫས་སྐུང་རོགས་དང་བཙོང་རོགས་བྱེད་པའི་ཉེས་ཅན་ལ་ཅིས་ཀྱང་ཉེས་ཆད་གཅད་དགོས།

རྐུན་རྫས་སྐུང་རོགས་དང་བཙོང་རོགས་བྱེད་པའི་ཉེས་ཅན་ཟེར་བ་ནི།ནག་ཉེས་བཟོས་ནས་ཐོབ་པའི་རྐུན་རྫས་ཡིན་པ་ཤེས་བཞིན་དུ་སྐུང་རོགས་དང་བཙོང་རོགས་བྱེད་པའི་བྱ་སྤྱོད་བསྟན་པ་ཡིན།རྐུན་རྫས་སྐུང་རོགས་དང་བཙོང་རོགས་བྱས་པའི་ནག་ཉེས་གྲུབ་དགོས་ཚེ་ཆ་རྐྱེན་གསུམ་འཛོམས་དགོས་པ་སྟེ།

1.སྐུང་རོགས་དང་བཙོང་རོགས་བྱེད་པའི་རྒྱུ་རྫས་དེ།མི་གཞན་གྱི་ཉེས་གསོག་གི་ཐབས་ཤེས་ལས་ཐོབ་པའི་རྐུན་རྫས་དངོས་པོ་ཡིན་པ།

2.རང་ངོས་ནས་ཅིས་ཀྱང་བསམ་བཞིན་དུ་བྱས་པ་ཡིན་ལ།ཡང་གཅིག་བཤད་ན་རྐུན་རྫས་དེ་དག་ནི་ཉེས་ཅན་གྱིས་རྐུ་འཕྲོག་དང་འཕྲོག་བཅོམ།མགོ་སྐོར།ཧམ་ཟ།ལྐོག་འཚོང་སོགས་ཁྲིམས་འགལ་གྱི་ཐབས་ཤེས་སྤྱད་ནས་ཐོབ་པ།སྐུང་རོགས་དང་བཙོང་རོགས་བྱས་པའམ་ཡང་ན་དང་ཐོག་མི་ཤེས་ཀྱང་།རྗེས་སུ་སྐུང་རོགས་བྱེད་པའི་གོ་རིམ་ཁྲོད་དུ་ནག་ཉེས་ཀྱི་ཐབས་ཤེས་ལས་ཐོབ་པའི་རྒྱུ་ནོར་ཡིན་པ་ཤེས་ནའང་།སྔར་བཞིན་མུ་མཐུད་དུ་སྐུང་རོགས་དང་བཙོང་རོགས་བྱེད་པ།

3.རྐུན་རྫས་ཉར་ཡོད་པའམ་ཡང་ན་བཙོང་རོགས་བྱེད་པའི་བྱ་སྤྱོད།རྐུན་རྫས་སྐུང་རོགས་བྱེད་པ་ཞེས་པ་ནི་ཉེས་ཅན་ལ་རྐུན་རྫས་སྐུང་ས་འདོན་སྤྲོད་བྱེད་པ་ལས་གཞན།ད་དུང་ཧུར་བརྩོན་གྱིས་ཉེས་ཅན་ལ་རོགས་རམ་བྱས་ཏེ་རྐུན་རྫས་གཞན་ལ་སྤོར་རོགས་བྱས་པའང་འདུ།བཙོང་རོགས་བྱས་པ་དེ་ཉེས་ཅན་ལ་རོགས་བྱས་ཏེ་རྐུན་རྫས་གཞན་ལ་བཙོང་རོགས་བྱས་པར་མ་ཟད།རང་གིས་རིན་གོང་དམའ་མོའི་སྒོ་ནས་ཚུར་ཉོས་ཤིང་།སླར་ཡང་གོང་མཐོན་པོའི་སྒོ་ནས་གཞན་ལ་བཙོང་བའམ་ཡང་ན་རང་གིས་སྤྱོད་པ་དེའང་འདུས།

ལག་ལེན་གྱི་ཁྲོད་དུ།རྐུན་རྫས་སྐུང་རོགས་དང་བཙོང་རོགས་གཉིས་ལས་གཅིག་ལག་བསྟར་བྱས་ན།རྐུན་རྫས་སྐུང་རོགས་དང་བཙོང་རོགས་གཉིས་ཀྱི་ནག་ཉེས་སུ་གྲུབ།ད་ལྟའི་ཉེས་ཁྲིམས་ལས་གཏན་ཕབ་བྱས་པ་ལྟར་ན།རྐུན་རྫས་སྐུང་རོགས་དང་བཙོང་རོགས་བྱས་པའི་བྱ་སྤྱོད་ལ།ཉེས་གསོག་ལས་ཐོབ་པའི་རྒྱུ་རྫས་ལ་ཟོལ་བཅོས་བྱེད་པ་དང་བསྐུངས་པའི་ནག་ཉེས་ཞེས་མིང་བཏགས་ཡོད་པ་དང་།ནག་ཉེས་དེ་འགྲུབ་བྱེད་ཀྱི་ཆ་རྐྱེན་དང་གྲུབ་པའི་ཁྱད་ཆོས་རྣམས་ལ་འགྱུར་ལྡོག་ཆེར་མེད།ལོ3མན་གྱི་དུས་བཀག་བཙོན་འཇུག་དང་བཙན་ཉར་ལས་སྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་བཅས་ཀྱི་ཉེས་ཆད་གཅད་དགོས་ཤིང་།དེ་དང་ལྷན་དུ་དངུལ་ཆད་ཀྱང་གཅད་དགོས།། ( ཀུན་དགས་བསྡུས།)