ཀ་ཁའི་གདངས་ལ་འཁྲི་བའི་ན་གཞོན་གྱི་ཁྱུ་ཚོགས།།
ཁ་བའི་མདངས་ལ་ཞེན་པའི་གངས་འདབས་ཀྱི་རྐང་དྲུག།
ག་དུས་རིགས་ཀྱི་རང་བཞིན་མིག་ཟུང་ལ་མངོན་ན།།
ང་ཚོའི་སྐད་དང་ཡི་གེ་བླ་སྲོག་ལས་གཅེས་རོགས།།
ཅ་ཅོ་སྤངས་པ་ཚངས་པའི་སྤྱོད་པ་ནི་གཅེས་ཨང་།།
ཆ་ལུགས་སྲོལ་བཟང་དེ་ཚོ་ཕྱི་རབས་ཀྱི་རྒྱན་ཆ།།
ཇ་འབྲུ་ལྷོག་ལྷོག་ཁོལ་བའི་ཉིང་བཅུད་ཀྱི་ཁུ་དང་།།
ཉ་གང་འཛུམ་པའི་རྗེས་ཆགས་ཇེ་རྒྱས་ནས་ཇེ་གསལ།།
ཏཱ་རེ་སྒྲོལ་མའི་བྱིན་ཟེར་དྲ་བ་ཡི་འོག་ན།།
ཐ་གྲུ་ཡངས་པའི་གངས་རིའི་ར་བ་ཡི་དབུས་ནས།།
ད་ཀོ་རིག་པའི་བསྟི་གནས་བཅུ་ཕྲག་གི་གཞུང་ལ།།
ན་ཆུང་བྱིས་པའི་ཚོགས་ཀྱིས་གཅེས་གཅེས་རང་བྱེད་རོགས།།
པ་ཏྲའི་རྗེས་མཚོན་རིགས་ཞེན་མདུད་པ་ནི་དམ་པོ།།
ཕ་གཞིས་སྦྲ་ནག་ནང་ཕུ་དགོད་སྒྲ་ཡིས་ཁེངས་སྟེ།།
མ་འབྲི་ཐུལ་དཀར་དེ་ཡི་ངུར་སྒྲ་རང་ཐོས་ན།།
བ་ཀུ་ལར་མཚུངས་འགྲམ་ཆུས་འཛུམ་པ་རང་གྲོལ་ཡོང་།།
ཙ་འཕྲུ་ལྟར་མཚུངས་གང་གི་དབུ་ཐོག་ན་འགྱིང་བའི།།
ཚ་གྲང་ངལ་བས་མ་ནོན་ཐོན་མི་ཡི་ཆེ་བ།།
ཛ་སག་ཐོབ་ཕྱིར་མ་ཡིན་གངས་ལྗོངས་ཀྱི་སླད་དུ།།
ཝ་བཏགས་ཀྱིས་མཚོན་སུམ་ཅུ་གསལ་བྱེད་ཀྱི་ཡི་གེ།།
ཞྭ་ལུ་ལོ་ཆེན་ལྟ་བུའི་སྐྱེས་ཆེན་གྱི་ཕྲེང་བ།།
ཟ་མ་ཏོག་གིས་མཚོན་པའི་ལྗགས་རྩོམ་གྱི་ཆེ་བ།།
འ་ཅག་ལས་ཀྱི་སྐལ་བར་བྱིན་པ་ཡི་ནོམ་པ།།
ཡ་མཚན་ཆེ་བའི་གནས་སུ་མཐོང་བ་རང་ཨེ་ལགས།།
ར་བ་གངས་ཀྱིས་བསྐོར་བའི་བསིལ་མོ་ཡི་ལྗོངས་ན།།
ལ་ཁའི་ཉི་ཟེར་རྗེས་ཆགས་སྐད་ཡིག་གི་ཚུལ་ལ།།
ཤ་ལ་བཀྲག་མདངས་རྒྱས་པའི་ན་གཞོན་གྱི་ཚོགས་འཁོར།།
ས་རྗེས་སུ་ཡིག་ཐོབ་བའི་རང་བཞིན་ལ་མ་རྨོངས།།
ཧ་ཅང་རྒྱས་པའི་ཚུལ་མིན་ཚོར་སྐྱེན་གྱིས་རྒྱུ་བྱས།།
ཨ་ཁུ་གངས་ལ་ཞེན་པའི་རླབས་འཕྲེང་གི་འདུ་འགོད།།
ཉི་ཟླའི་སྲུབས་ཀ་ལས་འཐོར་རང་སེམས་ཀྱི་ཚོར་འདུ།།
ཚིག་གི་ཚོགས་ལ་བརྒྱུས་བའི་མུ་ཏིག་གི་དོ་ཤལ།།
༼ པུར་རྒྱལ་བ། ༽
