国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་ཅིག་བྱིས་པའི་དུས་སྟོན།

འཛུམ་ལ་མེ་ཏོག་བཞད་པ་འདྲ།།

ངག་ལས་ཀ་ཁའི་དབྱངས་རྟ་གྲོལ།།

ཡིད་ནི་གངས་ལྟར་ལྷད་མེད་པས།།

ཁྱོད་ཚོ་འབྱུང་འགྱུར་བདག་པོ་ཡིན།།

ཤེས་རིག་མེ་ཏོག་དགའ་ཚལ་དུ།།

ཞལ་རས་དགྱེས་པའི་བུང་བ་ཚོགས།།

ལང་ཚོའི་རླུང་བུས་གཡོ་བས་ན།།

ཁྱོད་ཚོ་རིག་པའི་གཅེས་ཕྲུག་ཡིན།།

ལང་ཚོ་འཇའ་ཚོན་མཛེས་པ་ལས།།

ཤེས་རིག་མེ་ཏོག་སྦྲང་རྩི་འཐུལ།།

བཀྲ་ཤིས་ཐེག་པའི་བརྩེ་གླུ་ལས།།

ཁྱོད་ཚོ་བློ་གསལ་གཞོན་ནུ་ཡིན།།

མ་འོངས་རྒྱང་བཞུད་ལམ་གྱི་བར།།

རང་རིགས་ཕ་ཤུལ་མ་དོར་ནས།།

ཕ་སྐད་སྲོག་གི་གངས་རི་དེ།།

ཁྱོད་ཚོར་བཅོལ་པ་བདག་པོ་མཛོད།།

དབྱངས་གསལ་མེ་ཏོག་ལྡེམ་ལྡེམ་དུ།།

སྙན་རྒྱན་ཚིག་གི་འདབ་མ་དགོད།།

ཕ་མེས་སེམས་ཀྱི་གཏེར་འཛོད་ལ།།

ཁྱོད་ཚོས་འབད་པ་དྲག་པོ་གནོངས།།

༼ སྨྱུ་གུ་ཕྲ་མོ། ༽