ཡུལ་ཁ་བའི་ལྗོངས་ཀྱི་ལྔ་རིག་ཚལ།།
གནས་ལྷ་ཡུལ་འགྲན་པའི་སློབ་ར་ན།།
ཐུགས་མེ་ལོང་འདྲ་བའི་སློབ་ཕྲུག་ཚོའི།།
རྒྱུད་མི་ཆོས་གཙང་མས་བྱུར་བུར་གང་།།
ཁྱེད་སློབ་བུའི་ཚོགས་ལ་རྟེན་འབྲེལ་ཞུ།།
སེམས་ཞིབ་མོས་རང་འགན་ཁུར་དུ་བཞེས།།
ཡིད་གཙང་མས་ཤེས་རིག་བདུད་རྩི་སྤྱད།།
ཐབས་རྣལ་མས་རང་རྒྱུད་མུན་པ་སེལ།།
བློ་དག་པོས་བར་ཆད་རྡུལ་དུ་བརླགས།།
ཁྱེད་སློབ་བུའི་ཚོགས་ལ་རྟེན་འབྲེལ་ཞུ།།
སྐྱིད་རྒྱབ་ཏུ་བསྐྱུར་ཏེ་ཐོས་བསམ་སྙེག།
སྡུག་ཐོད་ལ་བླངས་ནས་སློབ་ལ་བརྩོན།།
ཕྱིའི་འབྱུང་བཞི་འཁྲུགས་ཀྱང་གཉའ་མི་འཁུམ།།
ནང་ལུས་ཟུངས་ཟད་ཀྱང་དཔའ་མི་ཞུམ།།
ཁྱེད་སློབ་བུའི་ཚོགས་ལ་རྟེན་འབྲེལ་ཞུ།།
༼ གཅན་གླག་མིག། ༽
