དལ་བ་དལ་བུར།
མི་ཆེན་གྱི་འཇིག་རྟེན་ཞིག་ནས།
བདག་གི་སེམས་པ་བདག་གི་བྱིས་དུས་སུ་ལོག་ན།
བདག་གི་བྱིས་དུས་བྱམས་བརྩེའི་
རི་ཚོགས་ཀྱིས་བསྐོར་ནས་ཡོད།
ཞོགས་པའི་སྨུག་པ་ཡི་ཁ་རླངས་བསིལ་ཞིང་དྭངས།
ས་སྲོད་ཀྱི་རླུང་བུའི་ལག་ཟུང་འཇམ་ཞིང་མཉེན།
རི་ཀླུང་གི་ཚོགས་རྣམས་མུ་མེད་དུ་བརྡལ་ནས།
སྤང་དང་མེ་ཏོག་གདན་དུ་བཏིང་ནས།
སྤྲིན་དང་འཇའ་ཚོན་གོས་སུ་གྱོན་ནས།
བག་ཡངས་དང་གསོས་དལ།
སྤྲོ་སྣང་དང་སྐྱིད་སྣང་ཁོ་ནར་རོལ།
དེའི་དུས་སུ།
པང་ལ་མེ་ཏོག་མེད།
པང་གི་མེ་ཏོག་ང་རང་ཡིན།
རྒྱབ་ན་འཁོར་བ་མེད།
རྒྱབ་ཀྱི་འཁོར་བ་ང་རང་ཡིན།
རང་སྣང་གི་སེམས་པ།
སྐྱིད་ས་དང་མོས་སར་ཡོད།
ས་སྲོས་ཀྱི་མཚམས་སྤྲིན།
མཚོ་ཁའི་སྤྲོ་འཆམ།
ཁུ་བྱུག་གི་གསུང་སྐད།
ནེའུ་གསིང་གི་སྤྲོ་སྐྱིད།
འདི་ནི་དེ་དུས་ཀྱི་འཚོ་བ་དང་ད་ལྟའི་སྨོན་ལམ་ཡིན།
ནར་སོན་རྗེས།
ལུས་སེམས་འདུར་རྒྱུག་ལ་བྲེལ་རྗེས།
བྱིས་དུས་ཀྱི་ཁ་དོག་དྭངས་གཙང་ཡིན་པ་ཤེས།
བྱིས་དུས་ཀྱི་རྨི་ལམ་རང་དབང་ཡིན་པ་རྟོགས།
ལོ་ཟླ་ཡིས་ང་ཚོ་མུ་མཐུད་དེད་ན།
བྱིས་དུས་ཀྱི་མཛེས་པ་ལུས་ལ་རྒྱན་དགོས།
བྱིས་དུས་ཀྱི་དྭངས་གཙང་ངག་ལ་བྱང་དགོས།
བྱིས་དུས་ཀྱི་སྤྲོ་སྣང་ཡིད་ལ་འཇོག་དགོས།
༼ ལྷ་ལུང་ཀརྨ་ཤེས་རབ། ༽
