མ་བཅོས་གཤིས་ཡག་མེ་ཏོག་ཟུང་།།
འཛུམ་པའི་ཏོག་དཀར་ཕ་དང་མ།།
རེ་བའི་ལམ་སྟོན་གང་ཞིག་གིས།།
དེང་འདིར་བྱིས་པ་རྣམས་ལ་སྲུངས།།
ཀ་ཡེ་ན་ཆུང་བློ་གསལ་རྣམས།།
ཁ་མིན་ཞེ་ནས་སྲོལ་རྒྱུན་ལ།།
ག་དུས་ཡིན་ཡང་བརྩོན་པ་གནོངས།།
ང་ཚོའི་མི་རིགས་ཁྱོད་ལ་ཐུག།
ཅ་ཅོའི་སྐད་ངག་མི་སྨྲ་སྟེ།།
ཆ་མེད་ཡུལ་དུ་འཁྱར་ན་ཡང་།།
ཇ་ཡུན་ཙམ་དུ་མི་སྐྱུར་བར།།
ཉ་གང་འཛུམ་འོད་བཞིན་དུ་དགོད།།
ཏ་ལེ་འཇོ་སྒེག་མེ་ཏོག་གིས།།
ཐ་ན་ཕྱི་གཟུགས་ཙམ་མིན་པར།།
ད་ལན་ནང་གི་ཤེས་རབ་ཀྱང་།།
ན་ཚོད་གཞོན་དུས་ལེགས་ལམ་སྒྱུར།།
ཙ་རི་སྨྱུག་མ་ལས་དྲང་ཞིང་།།
ཚ་ངར་ཉི་འོད་གསེབ་རོལ་ནས།།
ཛ་དྲག་མ་ཡིན་གུ་ཡངས་ངང་།།
ཝ་ལེ་རིག་པའི་གནས་ལ་བརྩོན།།
ཞྭ་མོ་དཀར་ནག་ཁྱད་མེད་དེ།།
ཟ་གྲོགས་མི་ལ་དེ་བས་ཅི།།
འ་འུར་གཡེང་ནས་མི་འཚོ་བར།།
ཡ་ཡོ་མེད་པར་མདུན་དུ་སྐྱོད།།
ར་མ་ལུག་གི་སྐད་ཀྱིས་ཅི།།
ལ་རྩེ་བརྒལ་ནས་ཕྱིས་ཅི་ཕན།།
ཤ་ཆང་ཁོ་ནར་མི་སྤྱོད་ཅིང་།།
ས་ཁུལ་ཡོངས་ཀྱི་རིག་གནས་ཚོལ།།
ཧ་ཅང་དྲག་པོ་མ་ཡིན་པར།།
ཨ་ཐོད་རི་མོ་ནང་བཞིན་དུ།།
ཚེ་གང་ཡུན་དུ་བརྩོན་ཅིག་དང་།།
འདུན་མའི་ལམ་ནས་རྒྱལ་བར་ངེས།།
བྱིས་དུས་ན་ཚོད་མ་ཡོལ་བར།།
བློ་གསལ་ནམ་མཁའ་རབ་དྭངས་དུས།།
ལེགས་པའི་གནས་སུ་ཡུན་སྦྱོངས་དང་།།
མི་རིགས་ཤིག་གི་རེ་བ་ཡིན།།
ཕ་མའི་སེམས་ཀྱི་བྱམས་བརྩེ་ཡིས།།
རིང་པོར་མི་གཏོང་ཡུན་སྲུང་དུས། །
ཚིག་ལོག་ཙམ་ཡང་མི་སྐོར་བར།།
དགའ་དགའ་སྤྲོ་སྤྲོའི་ལས་བཟང་ཚོལ།།
༼ ཁམས་ཟླ་སྲས། ༽
