国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་འཕེལ་རྒྱས་གྲུབ་འབྲས་དང་བློ་སྒོ་འབྱེད་པའི་རྒྱལ་སྤྱིའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས།

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ5པའི་ཚེས23ཉིན་གློག་འཕྲིན་འབྱོར་གསལ། 2026ལོ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་ལོ་ཡིན་ཞིང་། ཚེས23ཉིན་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་འཕེལ་རྒྱས་གྲུབ་འབྲས་དང་བློ་སྒོ་འབྱེད་པའི་རྒྱལ་སྤྱིའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད།

དབྱིན་ཇི་དང་ཨ་མེ་རི་ཁ། འཇར་མན། བྷེལ་ཇམ། ཨོ་སི་ཐྲི་ཡ་སོགས་རྒྱལ་ཁབ་དང་རྒྱལ་ནང་གི་གཙོ་གནད་ཚན་ཞིབ་སྒྲིག་གཞི་དང་མཐོ་རིམ་སློབ་གྲྭའི་ཆེད་མཁས་པ་དང་མཁས་དབང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལག་ལེན་ཐབས་ལམ་དང་བོད་ལྗོངས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་འཕེལ་རྒྱས་ཡར་ཐོན་གྱི་མྱོང་རོལ་བློ་སྒོ་འབྱེད་པ་དང་། མཛེས་པའི་བོད་ལྗོངས་བསྐྲུན་པའི་དཔྱད་གཞིར་འཛིན་པའི་རིན་ཐང་སོགས་ཀྱི་གྲོས་གཞིར་དམིགས་ནས་བགྲོ་གླེང་བྱས་པ་རེད།

བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་རིང་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཕྱོགས་ཁག་ཚང་མར་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་མངོན་འགྱུར་བྱུང་ཡོད། དེའི་འབྱུང་རྩ་ནི་རང་རྒྱལ་གྱི་ནུས་ལྡན་གྱི་ས་གནས་བཅོས་སྐྱོང་མ་ལག་ལ་ཐུག་ཡོད། ཀྲེ་ཅང་སློབ་ཆེན་ཀྲུང་གོ་ས་གནས་སྲིད་གཞུང་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེང་གོ་ཆོན་གྱིས་བོད་ལྗོངས་ས་གནས་ཏང་ཨུ་ཡིས་བརྟན་བརླིང་དང་སྐྱེ་ཁམས། དམངས་འཚོ། འཕེལ་རྒྱས་སོགས་ཀྱི་ལས་འགན་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ཤིང་། རྒྱལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཞན་ཆ་ཁ་གསབ་བྱས་པ་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ་ནི་བོད་ལྗོངས་མཆོང་སྐྱོད་རྣམ་པའི་གོང་འཕེལ་ཡོང་བའི་འགག་རྩ་ཞིག་རེད་ཅེས་བཤད་པ་རེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་ཏང་ཨུའི་ཧྲུའུ་ཅི་ཞུས་ཝུན་ཧྭ་ཡིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་པ་དེས་གངས་ལྗོངས་མཐོ་སྒང་གི་ལོ་རྒྱུས་ཀྱི་འཕེལ་རིམ་བསྐྱར་དུ་བཏོད་པར་མ་ཟད། མི་རིགས་ཁག་གི་མང་ཚོགས་རྣམས་མཐོ་སྒང་གི་བདག་པོ་གྱུར་ནས་ཏང་གི་བོད་སྐྱོང་ཐབས་ཇུས་དེ་མཐའ་མཚམས་ལག་ལེན་དུ་གསོན་ཤུགས་ཆེན་པོ་མངོན་ཡོད་ཅེས་བཤད་པ་རེད།

ཨོ་སི་ཐྲི་ཡ་སྤྱི་ཚོགས་ཚན་རིག་ཁང་གི་རྣམ་གྲངས་ཞིབ་འཇུག་པ་ཆའོ་ཀྲི·ཝ་ཧྥུ་ལ་ཡིས་ལོ75རིང་བོད་ལྗོངས་ཀྱི་འཚོ་གནས་ཀྱི་དབང་ཆ་དང་གོང་འཕེལ་དབང་ཆ་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད། ཕན་ཚུན་སྦྲེལ་མཐུད་བྱས་པ་དེས་བོད་ལྗོངས་མི་དམངས་ཀྱིས་འཛམ་གླིང་ལ་ཐུན་མོང་མ་ཡིན་པའི་རིག་གནས་སྟོན་ཐུབ་པར་མ་ཟད། སྟབས་བདེའི་འཚོ་བ་ལོངས་སུ་སྤྱད་ཐུབ་ཅེས་བཤད་པ་རེད།

ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ་བལ་ཡུལ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཆེད་མཁས་པ་ཁོ་ལི་ཞི་ན· ཕུའུ་ལ་ས་ཏེ· ཨའོ་ལི་ཡིས་བོད་ལྗོངས་ཀྱིས་སྲོལ་རྒྱུན་སྐྱེ་ཁམས་ཀྱི་བློ་གྲོས་དང་དེང་རབས་ཚན་རིག་ལག་རྩལ་ཟུང་དུ་སྦྲེལ་བའི་ལག་ལེན་དེས་གོ་ལ་ཧྲིལ་པོའི་མཚོ་འཕགས་མཐོ་བའི་ས་ཁུལ་སྐྱེ་ཁམས་བཅོས་སྐྱོང་ལ་རྩ་ཆེའི་དཔེ་མཚོན་མཁོ་འདོན་བྱེད་ཐུབ་ཅེས་བཤད་པ་རེད།

ཀྲུང་གོ་ལས་གྲྭ་གླིང་གི་གླིང་མི་ཉི་མ་བཀྲ་ཤིས་ཀྱིསAIཡིས་རོགས་རམ་བརྒྱུད་ནས་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དེ་སྒོ་འཛིན་དཔལ་འབྱོར་ནས་མྱོང་རོལ་དཔལ་འབྱོར་ཕྱོགས་སུ་བསྒྱུར་བ་དང་ཆབས་ཅིག། རིག་གནས་ཡུལ་སྐོར་གྱིས་མི་དམངས་ཕྱུག་པོར་འགྱུར་བར་བསྐུལ་ཏེ། རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་གཅིག་གྱུར་མངོན་འགྱུར་བྱུང་བ་རེད་ཅེས་བཤད་པ་རེད།

ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་སྒྲོག་པུའུ་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་གཉེར་བ་རེད། ཚོགས་འདུ་མ་འཚོགས་གོང་རྒྱལ་ཁབ་ཁག་གི་ཆེད་མཁས་པ་དང་མཁས་དབང་ཚོས་སྔ་རྗེས་སུ་ཉིང་ཁྲི་དང་ལྷ་ས་སོགས་ས་གནས་སུ་འཚམས་འདྲིར་ཕེབས་པ་དང་འབྲེལ་ཚོགས་འདུ་འཚོགས་ཉིན་དེར་བོད་ལྗོངས་ཀྱི་ཞིང་བྲན་ས་ཡ་ལ་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་བ་རེད།།

( བདེ་ཆེན་གྱིས་བསྒྱུར།)