ཉེ་ཆར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་ཞིབ་འཇུག་གླེང་སྟེགས་སྐབས་ལྔ་པ་ཁྲེང་ཏུའུ་རུ་བཙུགས་པ་དང་། གླེང་སྟེགས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་ལེན་བསྟར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་བའི་གཙོ་དོན་ལ་དམིགས་ནས་བགྲོ་གླེང་ཟབ་རྒྱས་བྱས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་རུའེ་ཧྥེང་ཞུགས་ཤིང་གསུང་བཤད་གནང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཏོན་དབྱི་ཅུན་གྱིས་འགོ་འཛུགས་མཛད་སྒོ་གཙོ་སྐྱོང་གནང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་ཞིབ་འཇུག་གླེང་སྟེགས་སྐབས་གསུམ་པའི་པུའུ་ཨུ་བཞིའི་ཞིབ་འཇུག་རྟེན་གཞི་འཛུགས་པའི་མིང་ཐོ་བསྒྲགས། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཕུར་བུ་དོན་གྲུབ་དང་། སི་ཁྲོན་སློབ་ཆེན་གྱི་སློབ་གཙོ་ཝང་ཅིན་སུང་གིས་འགོ་འཛུགས་མཛད་སྒོར་ཤིས་ཚིག་ཕུལ་བ་རེད།
གླེང་སྟེགས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ལ་དམིགས་ཤིང་། རྩ་ཁྲིམས་ཀྱི་གཏན་འབེབས་དང་རྩ་དོན། སྙིང་སྟོབས་བཅས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། རྒྱལ་ཁབ་ཁྲིམས་འཛུགས་ཀྱི་བྱེད་ཐབས་བརྒྱུད་དེ་ཏང་གི་མི་རིགས་ལས་དོན་ཁྲོད་དུ་ཐོབ་པའི་རིགས་གཞུང་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་འཛུགས་པར་སྐུལ་བ་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོར་བཟོས་ཡོད། རྟེན་གཞི་ཁག་དང་ཆེད་རམས་པ་རྒྱ་ཆེན་གྱིས“གཏན་འཁེལ་གཉིས”ལ་བློ་རྩ་བརྟན་པོས་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཡིན་པར་ངོས་འཛིན་གང་ལེགས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཏུ་གཅིག་གྱུར་ཡོང་བ་བྱ་དགོས་པ་ནན་པོར་བསྟན་ཡོད།
གླེང་སྟེགས་སུ་བསྟན་དོན། རྟེན་གཞི་ཁག་དང་ཆེད་རམས་པ་རྒྱ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་བའི་དོན་སྙིང་གལ་ཆེན་དང་ཁྲིམས་འཛུགས་བསམ་བློ། བཅའ་ཁྲིམས་ཀྱི་ནང་དོན་བཅས་ལ་ཞིབ་འཇུག་རྒྱས་འགྲེལ་བྱས་ནས་སྦྱོང་སྒྲོག་ལག་ལེན་བསྟར་བར་རིགས་གཞུང་གི་འགན་སྲུང་སྟོབས་ལྡན་བྱ་དགོས། རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་བའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བྱེད་ཅིང་། རིགས་གཞུང་སྦྱོང་འགྲེལ་གྱིས་ཁྲིམས་སྐྱོང་ལག་ལེན་ལ་རོགས་འདེགས་དང་། མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བར་རོགས་སྐུལ། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་ཟབ་སྤེལ་ལ་རོགས་རམ། བཅའ་ཁྲིམས་ལག་ལེན་ལམ་ལུགས་ལམ་སྲོལ་ལེགས་སུ་གཏོང་བར་རོགས་དན་བཅས་བྱས་ཏེ། ཁྲིམས་སྐྱོང་འགྲོ་ལམ་དུ་མི་རིགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་རིག་དང་སྟོབས་ཤུགས་འབུལ་དགོས།
ཐེངས་འདིའི་གླེང་སྟེགས་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། སློབ་གསོ་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་ལས་སྒོ་ཁྲིད་སྟོན་སྡེ་ཚན་གྱིས་གཙོ་གཉེར་བྱེད་ཅིང་། སི་ཁྲོན་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་ཞིབ་འཇུག་རྟེན་གཞི་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་སྒྲུབ་འགན་ཁུར་བ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཚན་ཞིབ་ལས་ཁུངས། མཐོ་སློབ་དང་པུའུ་ཨུ་བཞིའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་ཞིབ་འཇུག་རྟེན་གཞི། རྒྱལ་ཁབ་མི་རིགས་དོན་གཅོད་ལས་དོན་ཨུ་ལྷན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་ཞིབ་འཇུག་རྟེན་གཞི། ས་གནས་མི་རིགས་ལས་དོན་སྡེ་ཚན་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ཆེད་རམས་པ200ལ་ཉེ་བ་ཞུགས་ཡོད།།
( སྐལ་ཐུབ་ཀྱིས་བསྒྱུར།)
