国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་སྦག་མེད་ཆིང་ནུས་ཀྱི་མཉམ་སྤྱོད་ལྕགས་རྟ་ཁག་དང་པོ་དངོས་སུ་སྤྱོད་འགོ་བཙུགས།

སྤྱི་ཟླ5པའི་ཚེས28ཉིན། ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་དང་ཁྲེང་ཏུའུ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས། དུང་དཀར་ལུང་པ་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། མཁའ་འགྲུལ་རོགས་སྐྱོར་ཆིང་སུང(སི་ཁྲོན)འགྲོ་སྐྱོད་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲུབ་འགན་འཁུར་བའི་སྦག་མེད་ཆིང་ནུས་ཀྱི་མཉམ་སྤྱོད་ལྕགས་རྟ་བེད་སྤྱོད་གཏོང་བའི་མཛད་སྒོ་དུང་དཀར་ལུང་པ་ལྗོངས་ཁུལ་དུ་བདེ་བླག་ངང་སྤེལ། ཁུལ་ཡོངས་ཀྱི་ཆིང་ནུས་མཉམ་སྤྱོད་ལྕགས་རྟ200ཐེངས་དང་པོར་དངོས་སུ་ལས་སྤྱོད་འགོ་བཙུགས་པ་དེ་ལས་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གཉིས་ཀྱི་ཆིང་ནུས་ཐོན་ལས་མཉམ་སྤེལ་གྱི་དཔེ་སྟོན་བེད་སྤྱོད་དོན་ཐོག་ཏུ་འཁྱོལ་བ་མཚོན་ཡོད་ལ། མཐོ་སྒང་རིག་གནས་ཡུལ་སྐོར་སྣང་ཚུལ་ཐཱན་མེད་འགྲོ་སྐྱོད་ལ་སྐུལ་བའི་གསར་གཏོད་ཚོད་ལྟ་ཞིག་ཀྱང་རེད།

གཏོང་སྤྲོད་མཛད་སྒོ་སྤེལ་ཡུལ་དུ་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་དང་། ཁྲེང་དཀར་གནས་གཉིས་ཀྱི་དཔལ་འབྱོར་ཆ་འཕྲིན་ཅུས་དང་དུང་དཀར་ལུང་པ་དོ་དམ་ཅུས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་མཉམ་དུ་ཆིང་ནུས་མཉམ་སྤྱོད་ལྕགས་རྟའི་ལས་ཡོལ་ཕྱེ་བ་རེད། ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་མང་པོས་ཡུལ་དངོས་སུ་ཐཱན་ཉུང་འགྲོ་སྐྱོད་བྱེད་སྟངས་གསར་རྐྱང་ལ་མྱོང་རོལ་བྱས་ནས་སྦག་མེད་འགྲིམ་འགྲུལ་ལས་བྱུང་བའི་སྟབས་བདེ་དངོས་སུ་མྱོང་ཚོར་བྱས་པ་རེད།

ཐེངས་འདིའི་སྤྲད་པའི་ཆིང་ནུས་མཉམ་སྤྱོད་ལྕགས་རྟ་དེ་ཆིང་སུང(སི་ཁྲོན)འགྲོ་སྐྱོད་ཚན་རྩལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པ་དང་ཆིང་དབུགས་ནུས་རྒྱུར་བྱས་པས་ཕྱིར་བུད་དངོས་པོ་ཆུ་ལས་མེད། སྲོལ་རྒྱུན་གྱི་འབར་སྣུམ་རླངས་འཁོར་དང་གློག་སྒུལ་ལྟ་སྐོར་རླངས་འཁོར་དང་བསྡུར་ན་ནང་གསེས་དོན་ཚན་དེའི་གྲང་བཟོད་ནུས་པ་མངོན་གསལ་དོད་པ་དང་། ནུས་གསབ་བྱེད་སྟངས་མགྱོགས་ལ་ལས་ཆོད་ཆེ་བ། འགྲོ་སྐྱོད་སྐབས་སུ་སྦགས་བཙོག་མེད་པས་དུང་དཀར་ལུང་པའི་སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་ཚད་གཞི་མཐོན་པོ་དང་རྦད་དེ་མཐུན་ཡོད་ལ། མཚོ་འཕགས་མཐོ་བའི་རི་ཀླུང་ལྗོངས་ཁུལ་དུ་ཆིང་ནུས་དམངས་སྤྱོད་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་སྟོང་ཆའང་བསྐངས་ཡོད་པ་རེད།

ཕྱིན་ཆད། རང་ཁུལ་གྱིས་ཆིང་ནུས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཆིང་ནུས་སྣ་མང་བེད་སྤྱོད་བྱེད་སྟངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་ཆིང་ནུས་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་དང་། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་བ་དང་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་སྤེལ་དང་སྦག་མེད་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུར་ཡག་པོ་བསྐྱོད་དེ་སྦག་མེད་ཆིང་ནུས་ཐོན་ལས་ལ་བརྟེན་ནས་གངས་ལྗོངས་མཐོ་སྒང་གི་དཔལ་འབྱོར་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ་ཞིང་ཆེན་ཡོངས་སུ་ཆིང་ནུས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་དང་བྱས་རྗེས་འབུལ་རྒྱུ་རེད།

ཉིན་དེར་ད་དུང་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་ཆིང་ནུས་ཐོན་ལས་མཉམ་སྒྲུབ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཚོགས་ཞུགས་མི་སྣས་སྦག་མེད་གློག་བཟོ་ཆིང་ཐོན་ནུས་ཆེ་རུ་གཏོང་བ་དང་མཐོ་སྒང་གི་སྣང་ཡུལ་མང་པོར་ཆིང་ནུས་ཁྱབ་གདལ་གཏོང་བ། ས་ཁོངས་ལས་བརྒལ་བའི་ཐོན་ལས་སྟེགས་བུ་མཉམ་སྐྲུན་སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་རེས་རྒྱས་པ་བྱས་པར་མ་ཟད། ངོས་འཛིན་གཅིག་མཐུན་མང་པོའང་བྱུང་ཡོད།།

( བདེ་སྐྱིད་ཀྱིས་བསྒྱུར།)