国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྦག་མེད་གསོ་སྤེལ་གྱིས་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱས།

གཉའ་རྒྱབ་འབྲོག་པའི་སྐྱེ་ཁམས་བཤས་ཟོག་གསོ་སྤེལ་ལྟེ་གནས་གཉེར་ནས་ཐོན་སྐྱེད་བྱེད་འགོ་བཙུགས།

9057_02B_20260601ལས་དོན་མི་སྣས་ཕྱུགས་ཟོག་ལ་གཟན་ཆག་སྦྱིན་བཞིན་པ།

ཉེ་ཆར། ལྕགས་ཟམ་རྫོང་ཁུག་རྟ་ལུང་པའི་གྲོང་རྡལ་ཡའོ་ཅེན་ཕིང་གྲོང་ཚོར་གནས་པའི་གཉའ་རྒྱབ་འབྲོག་པའི་སྐྱེ་ཁམས་བཤས་ཟོག་གསོ་སྤེལ་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་ལས་གཞི་ལེགས་གྲུབ་བྱུང་སྟེ་བཤས་ཟོག་ཐོག་མ་སླེབས་ནས་ལས་གཞི་ཁྱོན་ཡོངས་ཏེ་གཉེར་འགོ་བཙུགས། ལྟེ་གནས་དེས་ཚན་རིག་ཅན་དང་སྦག་མེད་ཅན་གྱི་གསོ་སྤེལ་ཐབས་ལམ་མཐའ་འཁྱོངས་ཏེ་ཚད་ལྡན་ཅན་གྱི་ཐོག་ནས་བཤས་ཟོག་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ས་གནས་དེ་གའི་ཞིང་ལས་ཐོན་ཁུངས་བསྐུལ་བསླངས་བྱེད་པ། སྒོ་འགྲམ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བཅས་བྱས་ཏེ་གྲོང་ཚོ་མཉམ་འབྲེལ་དང་དམངས་ཕན་བྱེད་སྟངས་བརྒྱུད་ནས་འབྲེལ་ཐག་ཧྲིལ་པོའི་སྐྱེ་ཁམས་ཞིང་ལས་མ་ལག་བཙུགས་ཏེ་ཡུལ་སྡེ་མཉམ་དུ་ཕྱུག་པོར་འགྱུར་བར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་།

ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྤེལ་ལྟེ་གནས་དེའི་གཞི་ཁྱོན་ནི་སྤྱིའི་འཆར་འགོད་ལྟར་བཤས་ཟོག800གསོ་རྩིས་ཡོད་པ་དང་བརྒྱུད་རིམ་ཧྲིལ་པོར་དེང་རབས་ཅན་གྱི་གསོ་སྤེལ་ཚད་གཞིར་གཞིགས་ནས་འཐུས་སྒོ་ཚང་ལ་ཚད་ལྡན་ཅན་གྱི་གསོ་སྤེལ་མ་ལག་བསྐྲུན་ཡོད་པ་རེད། ལས་གཞི་དེས་བཤས་ཟོག་གི་རིགས་རྒྱུད་ཞི་མོན་ཐ་ཨེར་གཙོ་བོ་འདེམས་པ་དང་། ཚན་རིག་དང་མཐུན་པའི་གཟན་ཆས་སྟེར་སྟངས་དང་རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལམ་སྲོལ་ཁྱབ་གདལ་བཏང་ནས་བཤས་ཟོག་བདེ་ཐང་དང་ཤ་སྤུས་ལེགས་པར་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད། ད་སྔར། དུས་ཐེངས་དང་པོའི་ལས་གཞི་བརྟན་པོའི་ངང་གཉེར་སྐྱོང་བྱེད་ཀྱིན་ཡོད་པ་དང་དུས་ཐེངས་གཉིས་པའི་ལས་གཞི་བསྐྲུན་རྗེས་ཐོན་ནུས་ཁྱོན་ཡོངས་ནས་འདོན་སྤེལ་བྱས་ཏེ། ཁྲེང་ཏུའུ་དང་མཐའ་འཁོར་གྱི་གྲོང་ཁྱེར་ལ་ལྷད་མེད་དང་། བདེ་ཐང་། སྤུས་ལེགས་བཅས་ཀྱི་ཟོག་ཤ་ཐོན་རྫས་མཁོ་འདོན་བྱ་ཐུབ།

ཉེ་བའི་ལོ་ཤས་རིང་། ཁུག་རྟ་ལུང་པའི་གྲོང་རྡལ་གྱིས་མཐོ་སྒང་སྐྱེ་ཁམས་ལེགས་ཆར་གཞི་བཙུགས་པ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གཙོ་ཕྱོགས་ལ་དམ་པོར་དམིགས་ནས། ཡུལ་བབ་དང་བསྟུན་ནས་དུང་དཀར་ལུང་པའི་ཕྱུགས་ཟོག་གསོ་སྤེལ་ལྟེ་གནས་སུ་སྤུས་ལེགས་བཤས་ཟོག་གསོ་སྤེལ་དང་དུང་དཀར་ལུང་པའི་འབྲི་ཏ་ས་འཛིན་སྔོན་པོ་འདེབས་འཛུགས་ཀྱི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་ཆེན་པོ་གཉིས་བཀོད་སྒྲིག་བྱས་ཏེ། གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཟོང་རྟགས་ཅན་བཅས་གཙོ་བོ་བཟུང་ནས་སྲོལ་རྒྱུན་ཞིང་འབྲོག་ལས་རིགས་གཤོ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་མཉམ་དུ་གོང་འཕེལ་ཡོང་བའི་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད།

སྲོལ་རྒྱུན་གྲོང་ཚོ་རིམ་པའི་ཐོན་ལས་དང་མི་འདྲ་བར་བཤས་ཟོག་གསོ་སྤེལ་ལས་གཞི་དེས་མཉམ་འཛུགས་མཉམ་རོལ་དང་། གྲོང་ཚོ་མཉམ་འབྲེལ་དམངས་ཕན་གྱི་འདུ་ཤེས་མཐའ་འཁྱོངས་ནས་ཐོན་ལས་ཁེ་སྤོགས་བགོ་བ་དང་། ཞོར་ལས་ཀྱི་ཡོང་འབབ་འཕར་བ། ཐོན་ཁུངས་ཚུར་བསྡུ་སོགས་ཀྱི་ཁེ་ཕན་དུང་དཀར་ལུང་པའི་སྡེ་ཁུལ་གྱི་སྲིད་འཛིན་གྲོང་ཚོ14ལ་ཡོངས་སུ་ཁེབས་ཏེ་ཐོན་ལས་མཉམ་འགུལ་དང་ཐུན་མོང་ཕྱུར་འགྱུར་བྱུང་ཡོད།

ཕྱིན་ཆད། ཁུག་རྟ་ལུང་པའི་གྲོང་རྡལ་གྱིས་སྦག་མེད་བཤས་ཟོག་གསོ་སྤེལ་ཐོན་ལས་མུ་མཐུད་དེ་གཙོ་བོ་བཟུང་ནས“དུས་ཐེངས་དང་པོར་གཉེར་སྐྱོང་བརྟན་པོ་བྱེད་པ་དང་། དུས་ཐེངས་གཉིས་པར་སྒུལ་ནུས་གསོག་པ། ལེ་ལག་ཚང་བའི་འབྲེལ་ཐག་སྲིང་བ”བཅས་ཀྱི་འདུ་ཤེས་བཟུང་སྟེ། སྦག་མེད་སྐྱེ་ཁམས་ཞིང་ལས་སྟོབས་ཆེར་བཏང་ནས་སྦག་མེད་སྐྱེ་ཁམས་སྲུང་བ་དང་། ཐོན་ལས་སྤུས་ལེགས་སུ་གཏང་བ། མང་ཚོགས་འབབ་འཕར་ཡོང་བ། སྡེ་ཁུལ་ཐུན་མོང་ཕྱུག་འགྱུར་ཆགས་པར་འབད་རྒྱུ་ཡིན་ལ། དུས་མཚུངས་སུ། ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་གསོ་སྤེལ་གཞི་ཁྱོན་བརྟན་པོའི་ངང་རྒྱ་བསྐྱེད་བཏང་ནས་རྒྱུན་མཐུད་ངང་ཡུལ་སྡེ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་བསླངས་ཏེ། སྦག་མེད་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱས་ཏེ་སྤུས་ཚད་མཐོན་པོའི་ཡུལ་སྡེ་འཕེལ་རྒྱས་ཀྱི་ལེའུ་གསར་པ་བྲི་རྒྱུ་ཡིན་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)