国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གིས་དམངས་ཕན་སྲིད་ཇུས་བཏོན་ནས་ཕྲུ་གུ་སྐྱེ་བའི་ཁྱིམ་ཚང་གི་དཀའ་ངལ་བསལ།

ཉེ་ཆར། གསར་འགོད་པས་དཔལ་ཡུལ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྡེའི་ཁྱིམ་ཚང་གི་ཕྲུ་གུ་སྐྱེ་བའི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་དང་མ་བུའི་བདེ་ཐང་སྲུང་བའི་ཆེད་དུ། དཔལ་ཡུལ་རྫོང་གིས་ཉེ་བའི་ལོ་ཤས་རིང་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་ལ་གཞིགས་ཏེ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བར“གཏོང་སྤྲོད་མེད་པའི”དམངས་ཕན་སྲིད་ཇུས་བཏོན་ཏེ། དུས་འཁོར་ཧྲིལ་པོ་དང་འབྲེལ་ཐག་ཧྲིལ་པོའི་སྨན་བཅོས་འགན་ལེན་ཞབས་ཞུ་བརྒྱུད་དེ་དམངས་འཚོའི་ཐོབ་སྣང་དང་སྐྱིད་སྣང་། བདེ་ཐང་བཅས་ཆེ་རུ་བཏང་ཡོད།

སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏང་ཆེད། དཔལ་ཡུལ་རྫོང་མི་དམངས་སྨན་ཁང་གིས་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་བཅོས་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ཆེད་ལས་སྨན་དོན་སྟོབས་ཤུགས་ཆ་ཚང་བཀོད་སྒྲིག་བྱས་ཏེ་སྦྲུམ་མ་སྐྱོབ་བཅོས་དང་། མངལ་སྦྲུམ་སྐབས་ཀྱི་ཁམས་སྲུང་། བཙས་རྗེས་ཀྱི་བདེ་ཐང་སླར་གསོ་དང་གསར་སྐྱེས་ཕྲུ་གུའི་བདེ་ཐང་དོ་དམ་སྲུང་སྐྱོང་བཅས་ཕྱོགས་ཡོངས་ལ་ཤུགས་བརྒྱབ་ཡོད། དཔལ་ཡུལ་རྫོང་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའ་ཚན་ཁག་གི་ལས་གཉེར་སྨན་པ་པད་མ་གཡང་འཛོམས་ཀྱིས་དཔལ་ཡུལ་རྫོང་གིས་ཡུལ་སྡེའི་སྦྲུམ་མ་སྨན་ཁང་ལ་བསྡད་ནས་བྱིས་པ་བཙའ་ཆོག་པར་མ་ཟད་སྨན་རིན་སྒོར་མོ་གཅིག་ཀྱང་སྤྲད་མི་དགོས་པའི་དམངས་ཕན་སྲིད་ཇུས་བཏོན་ཏེ་སྦྲུམ་མའི་ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་ཇེ་ཡང་དུ་བཏང་ཡོད་ཅེས་བཤད་པ་རེད།

དཔལ་ཡུལ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དཔལ་ཡུལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་བུ་བཙའ་ཉེན་མེད་ཡོང་བར་འགན་ལེན་བྱ་རྒྱུ་དེ་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་མ་བུའི་བདེ་ཐང་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད། རྗེས་མར། དཔལ་ཡུལ་རྫོང་གིས་མུ་མཐུད་དེ་དམངས་ཕན་སྲིད་ཇུས་དོན་ལ་ཏན་ཏིག་འཁྱོལ་ཏེ་མ་བུའི་བདེ་ཐང་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)