ན་ཆུང་གི་སློབ་མ་ཚོ། སློབ་གྲྭའི་སྒེའུ་འགྲམ་གྱི་ལྡུམ་རའི་ནང་དུ་བཞད་པའི་ལྷད་མེད་པའི་གསར་སྐྱེས་ཀྱི་མེ་ཏོག་རེ་རེ་བཞིན། ལང་ཚོའི་མཚར་སྡུག་ལ་གཟི་དཔལ་རྒྱས་བཞིན་པར་མཐོང་ན་ཡིད་ལ་ཇེ་འོང་དང་ཇེ་ཡག་རེད། དགེ་རྒན་དམ་པའི་བཀའ་གསུང་ཇི་བཞིན་བསྒྲུབས་ཤིང་ཡ་རབས་སྤྱོད་བཟང་གི་མི་ཆོས་ཀྱི་མཛེས་པ་རེ་རེ་བསྣམས་ནས། དབྱངས་གསལ་སོ་བཞིའི་གླུ་སྐད་ངག་ནས་གྱེར་ཞིང་།ཤེས་བྱ་སྣ་མང་གི་རིན་པོ་ཆེ་ཅི་རིགས་རྒྱན་དུ་བཏགས་པར་མངོན་སུམ་མཐོང་ན། ཁྱེད་ཅག་ལས་ལྷག་པའི་མཛེས་པ་དང་སྙིང་དུ་སྡུག་པ་ཞིག་ངའི་ཁྲ་ཆུང་མིག་གཉིས་ཀྱི་ལོངས་སྤྱོད་དུ་ཡོད་རེ་སྐན། བློ་ལྡན་གྱི་ན་ཆུང་བྱིས་པ་ཚོས་ཤེས་རིག་གི་འོ་ཇ་ཞིམ་པོ་རྔམ་འཐུང་བྱེད་པའི་ཚུལ་དེ་བསམས་ན། རྟག་པར་རེ་བ་དང་ཡིད་རྟོན་གྱི་དམིགས་འདུན་དེ་ཇེ་ཆེར་བྱོ་ཡོང་། མི་རིགས་ཤིག་གི་སེམས་ཀྱི་ནོར་བུ་འཚོལ་མཁན་དེ་ཁྱེད་ཅག་ཡིན་ལ། རྒྱལ་ཁབ་ཅིག་གི་དར་རྒུད་ཀྱི་རྒྱུན་ཐག་ཕྲ་མོ་དེའང་ཁྱེད་ཅག་ལ་ཐུག་ཡོད། ཕ་མའི་སེམས་ཀྱི་རྟེན་ས་དང་ཁེན་ས་ཁྱེད་ཅག་ཡིན་ལ། བཤེས་གཉེན་གྱི་མི་ཚེའི་རྨི་ལམ་དང་ཕུགས་བསམ་ཁྱེད་ཅག་ཡིན་ཞིང་། ཕུ་ནུ་དང་སྤུན་ཟླའི་རེ་བ་གསོན་པོ་བཅོལ་སའང་ཁྱེད་ཅག་ཡིན། ཁྱེད་ཅག་ནི། ནམ་ལངས་དུས་ཞོགས་པའི་ཉི་ཟེར་ཡིན། ནུབ་རུབ་དུས་བསིལ་ཟེར་གྱི་འོད་གོར་ཡིན། དབྱར་ཚེས་ན་འཛུམ་གྲོལ་གྱི་སྦྲང་ཆར་ཡིན། དགུན་ཐོན་ན་ཁ་བ་ཡི་ཞལ་མདངས་ཡིན། སྟོན་ཤར་ན་སྙེ་མ་ཡི་ཕོན་པོ་ཡིན། དཔྱིད་ཚེས་ན་དྲོད་རླུང་གི་འཇམ་མཉེན་ཡིན།
ན་ཆུང་གི་སློབ་མ་ཆུང་ཆུང་ཚོ། དེ་རིང་གི་ཉིན་མོ་འདི་ཁྱེད་ཅག་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བ་བཞིན། ང་ལ་མཚོན་ནའང་ཧ་ཅང་རྩ་ཆེན་ཞིག་ཡིན། ངས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ལོ་རེ་རེ་བཞིན་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ལ། དེར་བསྟུན་ནས་རྟེན་འབྲེལ་གྱི་སྨོན་ཚིག་དྲོན་མོ་རེ་འབུལ་བཞིན་མཆིས། དེ་རིང་ནི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་རེད། ཁྱེད་ཅག་གི་དགའ་བ་དང་དགོད་འཛུམ་སྤྲོ་སྣང་བཅས་ཀྱི་ཁྲོད་ནས། ངས་མ་འོངས་པའི་འཇིག་རྟེན་ཞིག་གི་རྣམ་པ་དང་མི་རིགས་ཤིག་གི་འཚོ་བ་མཐོང་ཡོང་། ངས་རྒྱལ་ཁབ་ཅིག་གི་འཕེལ་འགྲིབ་ཀྱི་རིམ་པ་དང་རང་བྱུང་ཁམས་ཆེན་མོའི་ལས་དབང་ཚོར་ཡོང་། ངས་ཡངས་པའི་རྩྭ་ཐང་གི་ཁོག་རྒྱ་མཐོང་ལ་གངས་རིའི་བརྗིད་རྔམ་གྱི་དཔའ་ཉམས་མཐོང་ཡོང་། ཁྱོད་ཅག་སྤྲོ་སྣང་གིས་བཟི་ཞིང་བཅོས་མེད་ཀྱི་འཛུམ་མདངས་ཕྱི་ལ་འབྱིན་སྟངས་རེ་རེ་ཡིས། སྤྱིར་འཇིག་རྟེན་གྱི་ཁ་དོག་ཇེ་ལེགས་བཏང་སོང་། སྒོས་སློབ་གླིང་གི་སྐྱེད་ཚལ་ཇེ་མཛེས་ཕྱིན་སོང་།
དེ་རིང་ནི་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཉིན་མོ་དང་། བྱིས་པར་གནོད་འཚེ་དང་མནར་གཅོད་གཏོང་བར་ངོ་རྒོལ་བྱེད་པའི་ཉིན་མོ་ཞིག་ཡིན། དེ་བས་སྙིང་ཉེ་བའི་ན་ཆུང་བྱིས་པ་ཚོས། རང་རང་གི་གང་འཇོན་པའི་ལས་རིགས་ལ་ཧུར་བརྩོན་དང་རྒྱུན་འཁྱོངས་བྱེད་པར་གཙོ། ཤེས་བྱ་རྒྱ་མཚོའི་འཇིངས་བརྒལ་བར་རྣམ་དཔྱོད་ཀྱི་གྲུ་གཟིངས་ལ་བརྟེན་ནས་བསྐྱོད་དགོས། བདེ་ཐང་དང་བདེ་སྐྱིད་ཀློང་ནས་འཚར་ལོངས་འབྱུང་དགོས་པ་དང་། ཡ་རབས་ཚུལ་ལྡན་གྱི་མི་བུ་དོན་ལྡན་ཞིག་ལོག་པར་ཅིས་ཀྱང་འབད་པར་འཚལ་ལོ།། བློ་ལྡན་གྱི་བྱིས་པ་ཚོ། དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ། ཤེས་རབ་ཀྱི་དབང་ཐང་དར་ཞིང་། ཤེས་རིག་གི་འོད་སྟོང་ཇེ་རྒྱས་ཡོང་བར་སྨོན། མཛེས་སྡུག་གི་ལང་ཚོ་རིམ་གྱིས་སྨིན་ཞིང་། དོན་ལྡན་གྱི་སློབ་སྦྱོང་གི་ཕ་མཐར་ཕྱིན་པར་སྨོན། ཕ་མའི་རེ་འདུན་དང་རྨི་ལམ་རླུང་ལ་མི་བསྐུར་ཞིང་། དགེ་རྒན་གྱི་ཐུགས་བརྩེ་དྲོན་མོ་བསུབ་པ་མེད་པར་ཤོག། མཐར་ཚེ་རིང་ནད་མེད་ཀྱི་སྨོན་ལམ་ཁྱེད་ཅག་ལ་ཞུ། བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཁྱེད་ཅག་ལ་བསྒྲོན་ནོ།།
༼ གངས་ཆབ་ལྷ་སྲས། ༽
