国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱིས་པ་ནི། རང་དབང་གིས་འབབ་པའི་དཔྱིད་འགོ་མའི་ཆར་པ་དང་། ལྷོད་ལྷོད་ཀྱིས་ལྡང་བའི་དཔྱིད་ཁའི་རླུང་བུའི་ནང་དུ། ངར་ཤུགས་ཀྱིས་འབུས་པའི་ལྗང་བུ་རེ་རེ་དང་འདྲ། ཁོ་ཚོ་ནི། རྣམ་དག་གི་ནང་སེམས་ལ་བྱིལ་བྱིལ་གནང་མཁན་དེ་ཡིན། མཛེས་སྡུག་གི་ནམ་ཟླ་ལ་འཆར་ཡན་བྱེད་མཁན་དེ་ཡིན། བྱིས་པའི་ལོ་ཟླ། ད་གཟོད་ཡིད་དུ་འོང་བའི། ལྷད་མེད་པའི་སྙན་ངག་རེ་རེ་ཡིན།

མེ་ཏོག་གི་ཚལ་ན་གཡུ་སྦྲང་གི་གཤོག་སྒྲ་རྡེབ་པའི་དུས་ཚིགས་སམ། སྦྲང་ཆར་ཟིམ་ཟིམ་གྱིས་མེ་ཏོག་གི་འདབ་མ་སྦངས་པའི་དུས་ཚིགས་ཤིག་ལ། སེམས་སུ་ཉི་འོད་འཕྲོ་ཞིང་། ལས་སུ་པྲ་ཚགས་བྱེད་པའི་བྱིས་པ་རྣམས་ལ་དུས་ཆེན་སྐྱིད་པོ་ཞིག་ཡོད། ཁོ་ཚོའི་བཅོས་མིན་གྱི་འཛུམ་མདངས་ལས་དཔྱིད་འགོ་མའི་དཔལ་ཡོན་ཡོངས་སུ་འཕྲོག་ཟིན་ལ། ལྷད་མེད་པའི་བྱ་སྤྱོད་ཀྱིས་དུས་རབས་ཤིག་ལ་འབོད་སྐུལ་ཡང་ཡང་གཏོང་ཡོང་། བྱིས་པ་ཚོ། ཁྱེད་ཚོ་ནམ་ཡང་བྱ་བ་ལམ་འགྲོ།

ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། བྱིས་དུས་ཀྱི་ལོ་ཟླ་ནི་འཇིག་རྟེན་འདི་རུ་ཆེས་སྐྱིད་པའི་དུས་སྐབས་ཤིག་ཡིན་པར་འདུག། ལོ་ཟླ་དེ་དག་ཏུ་ཅི་ལའང་འདང་རྒྱག་མེད་པར་ཅི་འདོད་འདོད་དུ་པྲ་ཚགས་བྱས་ནས་ཉི་མ་གཏང་རྒྱུ་ལས་ཅི་ཡང་མེད། སེམས་སུ་ཅི་ཞིག་ཤོར་དོགས་དང་ཅི་ཞིག་ཟིན་རྔམས་ཀྱི་གནོན་ཤུགས་ཏོག་ཙམ་ཡང་མེད། བྱིས་པ་སྣབས་ལུག་ཅིག་དང་ལྷན་དུ་པྲ་ཚགས་སྣང་བ་བསོར་བ་ཞིག་བྱ་རྒྱུ་ནི་ཕུགས་བསམ་ལྟ་བུ་ཞིག་ཡིན།

བྱིས་དུས། གཙང་པོ་བཞུར་ནས་ཕྱིར་ལྡོག་ཐབས་མེད་པ་དང་འདྲ་བར། ཕྱིར་དྲན་དང་མཛེས་སྡུག། ད་དུང་དྭངས་གཙང་དང་རྣམ་དག། ཐ་ན་ཆེས་དང་མའི་གཤིས་སྤྱོད་ཡིད་དུ་འོང་བ་དེ་དག་ཁྱེར་ནས་གང་ཞིག་ལ་བརྒྱུགས་ཚར་འདུག། དེ་བས། ངས་བྱིས་དུས་སུ་ཡོད་པའི་བྱིས་པ་ཆུང་ཆུང་། བྱིས་པ་ཡིད་འོང་འདི་ཚོ་ལ་ཅིས་ཀྱང་སྙིང་ཉེ་ཉེ་བྱེད་པར་འདོད། འདི་ཚོ་ནི་ད་གཟོད་ཚེ་སྲོག་གི་ཆེས་དང་མ་དེ་ཡིན་ལ། མི་གཤིས་ཀྱི་ཆེས་རྣམ་དག་དེ་ཡིན། མི་ཡུལ་གྱི་རླངས་པ་ནག་པོ་དེས་མ་བདུག་པའི་ཚེ་སྲོག་སྐོར་ཞིག་ཡིན།

བྱིས་པ། ཁོ་ཚོའི་དགོད་སྒྲའང་སེམས་གཏིང་ནས་ཤོར་བའི་དགོད་སྒྲ་ཡིན་ལ། ཁོ་ཚོའི་ངག་ནས་ཐོན་པའི་ཚིག་ཁ་རེ་རེའང་སེམས་གཏིང་ནས་དྲན་ཡོང་བའི་སྐད་ཆ་རེ་རེ་ཡིན། ཁོ་ཚོའི་མིག་མདངས་ལ་ཚོད་དཔག་བྱེད་མི་དགོས་ལ། ཁོ་ཚོའི་བྱ་སྤྱོད་ལའང་དོགས་ཟོན་བྱེད་མི་དགོས། བྱིས་པའི་སེམས། ཤོག་ངོས་ལས་གཙང་ལ། མེ་ལོང་ལས་དྭངས།

བྱིས་པ། ཆར་རྗེས་སུ་འཇའ་ཚོན་གྱི་ཕྱོགས་སུ་རྒྱུག་བཞིན་རེ་འདོད་ཀྱིས་ཁེངས་ཡོད། ཉིན་རེ་བཞིན་ཕུགས་བསམ་ལ་བརྩོན་བཞིན་ངར་ཤུགས་ཀྱིས་བསླངས་ཡོད། སྐར་ཚོགས་སེམས་སུ་ལྡུག་བཞིན་འཆར་ཡན་གྱིས་ཕྱུག་ཡོད། ཉི་ནུབ་ལྷས་སུ་སྡུད་བཞིན་མཛེས་སྡུག་ལ་ཐོགས་ཡོད། རྩྭ་ཁུགས་དང་ན་ཁུགས་སུ་རྐང་རྗེན་ལ་རྒྱུག་བཞིན་དགོད་སྒྲས་གཏམས་ཡོད། ༼ གཡེར་མ། ༽