国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་གཅིག་བྱིས་པའི་དུས་ཆེན་བསུ་ཚིག་ལྷ་དར་དཀར་པོ།

ཟིམ་ཟིམ་ཆར་གྱིས་རི་གྲོང་ཞལ་རས་འཁྲུད།།

ལྡེམ་ལྡེམ་དཀར་དམར་མེ་ཏོག་གོང་བུ་དགོད།།

མཛེས་མཛེས་དཔྱིད་ཀྱི་དཔལ་གཡང་འཛུམ་པའི་ཀློང་།།

ཆུང་ཆུང་བྱིས་པའི་དྲུག་གཅིག་དུས་ཆེན་བསུ།།

ལུས་ལ་མཛེས་པའི་རྒྱན་བཟང་སྣ་ཚོགས་སྒྲོན།།

ངག་ནས་སྙན་པའི་གླུ་དབྱངས་སྣ་ཚོགས་ལེན།།

ཡིད་ལ་སྐྱིད་པའི་བྲོ་གར་སྣ་ཚོགས་འཁྲབ།།

ཆུང་ཆུང་བྱིས་པའི་དྲུག་གཅིག་དུས་ཆེན་མཛེས།།

དཀར་གཙང་དཔེ་དེབ་སྨྱུ་གུ་གྲོགས་སུ་འཐམ།།

དབྱངས་གསལ་སོ་བཞིའི་དབྱངས་རྟ་ངག་ནས་གྱེར།།

ཤེས་རིག་བདུད་རྩི་རོལ་བའི་བྱིས་པ་དག།

དྲུག་གཅིག་དུས་ཆེན་དགའ་བདེས་ཁེངས་པར་ཤོག།

ཤེས་ལྡན་ལེགས་བཤད་སྦྲང་ཆར་ཟིམ་མའི་འོག།

ལང་ཚོའི་མེ་ཏོག་འདབ་མ་དལ་གྱིས་བཞད།།

རྣམ་དཔྱོད་རིག་པའི་གཤོག་ཟུང་སྨིན་པ་ཡི།།

ཆུང་ཆུང་སློབ་མ་ཤེས་རབ་ལྷ་ཡིས་སྩོལད།།

ཡོན་ཏན་ངོམ་པ་མེད་པར་མདུན་དུ་སྐྱོད།།

བརྩོན་འགྲུས་ལྷོད་པ་མེད་པའི་ཆུ་མོ་བཞུད།།

དཔེ་ཁུག་རྒྱབ་ལ་ཁུར་བའི་བྱིས་པ་ཚོ།།

ཁྱེད་ཚོ་ང་ཅག་རེ་བ་རྟགས་ཅན་ཡིན།།

རིན་བྲལ་སྐད་ཡིག་མི་རིགས་གཅེས་ནོར་ཆེ།།

མི་ཉམས་འཛིན་སྐྱོང་སྤེལ་གསུམ་སློབ་མར་རག།

ལྷོད་མེད་ཐོས་བརྩོན་གྲུ་བོ་ལ་ཞུགས་ཏེ།།

རྒྱལ་ཁའི་འབྲས་བུ་ལོན་ཤོག་སློབ་མའི་ཚོགས།།

ཤེས་རིག་མེ་ཏོག་འཛུམ་པའི་དགའ་ཚལ་ཀློང་།།

རྣམ་དཔྱོད་རིག་པའི་གཤོག་ཟུང་རྒྱང་དུ་རྐྱོང་།།

མ་འོངས་ལེགས་ལམ་འཚོལ་བའི་བྱིས་པ་དག།

བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག།

ཚད་མེད་བཞི་ཡི་གོ་ཆ་སྐུ་ལ་བགོས།།

དམིགས་མེད་ཤེས་རབ་རལ་གྲི་མཁའ་རུ་འཕྱར།།

བཅུ་དྲུག་གཟུགས་འཆང་སྨྲ་བའི་ལྷ་མཆོག་དེའི།།

ཤེས་རབ་འོད་ཀྱིས་རྟག་ཏུ་འཚོ་གྱུར་ཅིག།

༼ རྐང་ལམ་དཀར་པོ། ༽