国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གངས་དཀར་འོ་སེ་མེ་ཏོག་དུས་ཆེན་དར་མདོ་ གྲོང་ཁྱེར་མི་ཉག་སྐྱ་གད་ཡུལ་དུ་སྤེལ།

སྤྱི་ཟླ5པའི་ཚེས29ཉིན། གངས་དཀར་འོ་སེ་མེ་ཏོག་བཞད་པའི་དུས་ཚིགས་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི2026ལོའི་དར་མདོ་གངས་དཀར་འོ་སེ་མེ་ཏོག་དུས་ཆེན་གྱི་གཙོ་དོན་བྱེད་སྒོ་དར་མདོ་སྐྱ་གད་གྲོང་རྡལ་མཐིལ་དབུས་གངས་དཀར་འོ་སེ་མེ་ཏོགAགསུམ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་སྤེལ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོ་གངས་དཀར་འོ་སེ་མེ་ཏོག་གི་རྒྱ་མཚོ་འཁྱིལ་བའི་མི་ཉག་སྐྱ་གད་གྲོང་རྡལ་དུ་འཛོམས་ནས་འོ་སེ་མེ་ཏོག་གི་མཛེས་སྡུག་དང་དྲི་ཞིམ་མྱོང་ཞོར་མི་ཉག་གི་ཁྱད་ཆོས་ལྡན་པའི་གླུ་བྲོ་རིག་གནས་སོགས་ལ་མྱོང་རོལ་བྱས།

སྔ་དྲོར། སྲོལ་རྒྱུན་གྱི་གཟབ་མཆོར་སྤྲས་པའི་སྐྱ་གད་གྲོང་རྡལ་གྱི་སྲིད་འཛིན་གྲོང་སྡེའི་མང་ཚོགས20དང་རྫིག་ཉམས་དོད་པའི་རྟ་རུ་ཁག་ལས་གྲུབ་པའི་སྐོར་སྐྱོད་རུ་ཁག་ལྗོངས་ཁུལ་གྱི་འགྲོ་ལམ་བརྒྱུད་ནས་དལ་པོར་མདུན་དུ་བསྐྱོད་དེ་མི་ཉག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན། རྩྭ་ཐང་དུ་གཉེན་ལམ་གསར་དུ་བསྒྲིགས་པའི་ཁྱོ་ཤུག20མི་ཉག་སྲོལ་རྒྱུན་གཉེན་སྒྲིག་གོམས་སྲོལ་ལྟར་གཉེན་སྟོན་ལ་ཞུགས་ཤིང་། གཉེན་སྟོན་གྱི་གོ་རིམ་རབ་དང་རིམ་པ་ལས་མཐོ་སྒང་སྲོལ་རྒྱུན་གཉེན་སྒྲིག་རིག་གནས་ཆ་ཚང་མངོན་པ་རེད།

ཕྱི་དྲོར་ས་གནས་དེ་གའི་རིག་རྩལ་རུ་ཁག་གིས་གླུ་གར་སྐོར་སྐྱོད་འཁྲབ་སྟོན་བྱས་པ་དང་། མི་ཉག་ལ་གླུ་དང་མི་རིགས་ཞབས་བྲོས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

ད་ཐེངས་གངས་དཀར་འོ་སེ་མེ་ཏོག་དུས་ཆེན་དུ་རིག་གནས་ཡུལ་སྐོར་ལས་རིགས་ཆེན་པོ་བརྒྱད་གཙོ་དོན་དུ་བྱས་ནས་དུས་གཅིག་ཏུ་བཏོན་པ་དང་། ཚོང་འདུས་སུ་མཐོ་སྒང་གི་ཞིང་ལས་ཁྱད་ཆོས་ཐོན་རྫས་དང་གཟུགས་མེད་རིག་གནས་ཤུལ་བཞག། ཁྱད་ཆོས་རིག་འཆར་ཐོན་རྫས་བཅས་ཆ་ཚང་ཡོད་ཅིང་། ཁྱད་ཆོས་ཟས་མཆོག་དང་དམངས་སྲོལ་རིག་གནས་འགྲེམ་སྟོན། ཆེད་ལས་པར་ལེན་བྱ་ཡུལ་བཅས་དུས་གཅིག་ཏུ་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་ཡུལ་སྐོར་བའི་བཟའ་འཆག་ཉོ་རྩེ་སོགས་ཀྱི་མྱོང་རོལ་སྣ་མང་གི་དགོས་མཁོ་ཕྱོགས་ཡོངས་ནས་བསྐངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གངས་དཀར་འོ་སེ་མེ་ཏོག་དུས་ཆེན་དུས་ཡུན་ཉིན་གསུམ་སྤེལ་བ་དང་། དམངས་སྲོལ་སྤྲོ་གསེང་གླིང་དང་མི་རིགས་མཐུན་སྒྲིལ་གྱི་གཙོ་དོན་རོལ་དབྱངས་དགོང་ཚོགས། ཡུལ་སྡེའི་གླིང་ག་གཏོང་བའི་སྐྱིད་ཉམས་སྟོན་པ་སོགས་ཀྱི་ཐོག་ནས་དུས་ཆེན་གྱི་རིག་གནས་ཡུལ་སྐོར་ཕན་འབྲས་ཆེ་རུ་བཏང་།

ཉེ་བའི་ལོ་ཤས་རིང་དར་མདོ་གྲོང་ཁྱེར་གྱིས་གངས་དཀར་སྐྱེ་ཁམས་ཐོན་ཁུངས་དང་མི་ཉག་དམངས་སྲོལ་རིག་གནས་ཀྱི་ལེགས་ཆར་གཞི་བཙུགས་ཏེ། གངས་དཀར་འོ་སེ་མེ་ཏོག་དུས་ཆེན་གྱི་ཁྱད་ཆོས་རིག་གནས་ཡུལ་སྐོར་བྱ་ཡུལ་བཏོད་དེ། དུས་ཆེན་ལ་བརྟེན་ནས་བཟའ་བཏུང་དང་གནས་ཚང་། ཞིང་ལས་ཐོན་རྫས་བཅས་ཕྱིར་འཚོང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པ་དང་། ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་བསྐུལ་ནས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་མུ་མཐུད་དེ་ཤུགས་བརྒྱབ་པ་རེད།།

(བདེ་ཆེན་གྱིས་བྲིས། རྣམ་སྲས་ལྷ་མོས་པར་བླངས།)