རི་རྩེ་གྱེན་དུ་གཟེངས་པའི་རྩེ་མོ་ནས།།
སྨུག་སྤྲིན་མགུལ་ཆིངས་གྱོན་པའི་རི་ཞོལ་དུ།།
ནོར་གནག་རི་ལ་ཡལ་བའི་སྣང་བ་ལས།།
སྐྱིད་པའི་སྤྲོ་དགའ་འཛུམ་པ་ཅི་ཡང་དགྱེས།།
རྩི་ཤིང་འདབ་མ་རྒྱས་པའི་དབྱར་ཟླ་ལ།།
འགོ་ལྕོག་རླུང་གིས་ཤིག་ཤིག་ལྡེམ་བཞིན་དུ།།
གཡུ་སྦྲང་གཞོན་ནུས་གེ་སར་མང་བླངས་ཏེ།།
དྲི་ཞིམ་སྣ་ལམ་ཕྱོགས་ནས་ཡོངས་སུ་འཐུལ།།
ཆར་སྤྲིན་ཟིམ་ཟིམ་སྤང་ཐང་མཛེས་པ་བརླན།།
ན་བུན་ལང་ལོང་གར་གྱི་སྟངས་སྟབས་གཡོ།།
ས་འཛིན་སྐྱིད་དཔལ་ལྡན་པའི་ཞིང་ཁམས་ནི།།
དབྱར་གཞུང་ལང་ཚོ་མིག་གི་དགའ་སྟོན་རོལ།།
སྙན་སྙན་ཁུ་བྱུག་ཐོས་འཛིན་གྲོགས་སུ་འཇེབས།།
མཛེས་མཛེས་དབྱར་ཟླ་དཔལ་ཡོན་ཅི་ཡང་ཕྱུག།
དཀར་དཀར་སྤྲིན་ཚོགས་བླ་བྲེ་བརྗིད་ཀྱིས་སྒེག།
འཇམ་འཇམ་སྐྱི་སེར་རླུང་བུས་སྐྲ་ལོ་གཡོས།།
༼ སྙན་རྐང་གླིང་། ༽
