རྩེ་མོ་གནམ་ལ་ཟུག་ནས་ཡིད་འོང་ལྡན།།
ཁ་བའི་དངུལ་གྱི་འདབ་མ་རྒྱན་དུ་གྲུབ།།
སྨུག་པ་ཡན་ལག་རྒྱས་པའི་ངང་ཚུལ་དུ།།
བཞག་བྲ་ལྷ་ཡི་མཆོད་རྟེན་སྤྱན་དུ་གྲོལ།།
གཡུ་ཡི་ནོར་བུ་གོན་པའི་འགྱིང་བག་ལ།།
ལྷ་ཡི་དངོས་གྲུབ་ཟིལ་བ་རྣམ་ཀུན་གཡོ།།
རི་ཚོགས་གཙུག་ཏུ་འགྲེང་བའི་ལྟེ་བ་རུ།།
གཡུ་རི་རྩེ་བརྒྱད་གཟི་བ་ཕྱོགས་སུ་སྟོན།།
དཀར་པོ་མདོག་གི་སྤུད་པའི་རྩེ་མོ་ནས།།
ཉི་ཟླའི་འོད་ཀྱི་ཟེགས་མ་ཡང་ཡང་ཚེས།།
སྤྲིན་པ་གདུགས་ཀྱི་མེ་ཏོག་དབུ་ལ་རྒྱན།།
གངས་དཀར་རི་བོ་གནམ་གྱི་ཀ་བ་ཡིན།།
མེས་པོའི་སྲོལ་རྒྱུན་དྲི་བཟང་ཡོམ་ཡོམ་དུ།།
ཚངས་སྲས་ལྷ་ཡི་བུ་མོ་མཛེས་སེ་མཛེས།།
དཔའ་བོ་རྒོད་པོ་སྟག་ཤར་རྫིག་རྫིག་སྟེ།།
ཁམས་སྟོད་མི་ཉག་རུས་ནི་གནམ་གྱི་བུ།།
ལྷད་མེད་ཆུ་བོ་བབས་པའི་ལ་གཞས་སུ།།
མི་ཉག་ཡུལ་གྱི་གཏམ་རྒྱུད་ལྷང་ལྷང་སྟེ།།
ཡིད་ཀྱི་བུང་བ་བཀུག་པའི་སྣང་ཡུལ་དེ།།
མི་ཉག་རི་ལུང་མཛེས་པའི་ངང་ཚུལ་ལོ།།
༼ སྨྱུ་གུ་ཕྲ་མོ། ༽
