国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་རུ་གདན་ ཐོག་རི་བོ་ཡོད།

གནའ་དུས་སུ་དར་མདོ་ནི་ཇ་ལམ་ཡིན།

དེང་དུས་སུ་དར་མདོ་ནི་ཚོང་ལམ་ཡིན།

དེ་རིང་ཉི་མ་དྲོ་ཞིང་ཚ་བ་ཡང་ཆེ།

ཁྱོད་ཀྱི་བོད་ལྭ་གྲ་དག་ཅིག་གྱོན་ནས།

གདན་ཐོག་རི་བོའི་གློག་སྐས་ན་ཡོད།

རྣ་བ་རུ་རྣ་རྒྱན་སིལ་སིལ་གཡོ།

གདོང་བ་དང་མཆུ་སྒྲོས་སུ་ཚོན་བྱུགས།

སེམས་སུ་འཁྲབ་སྟོན་ཞིག་ལ་སྟ་གོན་ཡོད།

གློ་བུར་དུ།

ངའི་དྲན་པ་ཞིག་སླར་གསོ་བྱས།

དར་མདོ་རུ་གདན་ཐོག་རི་བོ་ཡོད་ལ།

གདན་ཐོག་རི་བོ་དར་མདོ་རུ་ཡོད་པ་དྲན།

ད་ལྟ་ཁྱོད་ཀྱི་ཡིད་ལ་གནས་རི་ཞིག་འཁོར་རམ།

རྡོ་རྗེ་ཕག་མོ་ཞེས་པའི་མཁའ་འགྲོ་ཞིག་དྲན་ནམ།

དེ་རིང་ངས་ཁྱོད་ལ་ཅི་ཡང་གསལ་བཤད་མ་ཐུབ།

བདག་གིས་ཁྱོད་ལ་གཅེས་སེམས་འབུལ་འདོད།

དར་མདོའི་མཛའ་གཞས་བཞིན་འབུལ་འདོད།

བདག་གིས་ཁྱོད་ལ་ལང་ཚོ་འབུལ་འདོད།

དར་མདོའི་བོད་གྲོང་བཞིན་འབུལ་འདོད།

དར་མདོ་རུ་གདན་ཐོག་རི་བོ་ཡོད།

གདན་ཐོག་རི་བོའི་ཡང་སྟེང་དུ་ཅི་ཞིག་ཡོད།

ངས་ཁྱོད་ལ་འཕྲིན་ཞིག་བཏང་ཡོད།

གདན་ཐོག་རི་བོས་ཁྱོད་ལ་བསྒུག་འདུག།

༼ ཧུན• དུར་རོ། ༽