ནོག་མེད་ཆུ་འཛིན་གྱི་གོས་དཀར།།
ཕྱོགས་སུ་ཐར་ཐོར་ནས་རྒྱུ་ཞིང་།།
རི་ཡི་རྒྱལ་མཚན་དུ་བཞད་པས།།
སྣང་བ་དགའ་སྐྱིད་ཀྱིས་ཁེངས་སོང་།།
སྤྱི་ཚོགས་འགྱིག་རིགས་ཀྱིས་མ་ལྷད།།
རང་བྱུང་མེ་ཏོག་གི་དགའ་ཚལ།།
དབྱར་གཞུང་མཛེས་འཛུམ་གྱི་པང་གི།།
ཕ་ཡུལ་འབྲོག་ཐང་ལ་ཆས་འདོད།།
སྙན་ཚིག་ལྦུ་ཆང་གི་བྲོ་བ།།
སེམས་ཀྱི་གཏིང་མཐའ་རུ་ཉར་ཏེ།།
སྦྲ་འདབས་སྤང་ལྗོངས་ལ་བརྒྱུགས་ནས།།
གཉེན་ཉེ་མི་ཚོགས་ལ་ངས་འབུལ།།
རྟ་ནོར་ལུག་གསུམ་གྱི་རྫི་བོ།།
ཕོ་གཞོན་མོ་གཞོན་དག་གསོན་དང་།།
ངན་ངན་གཡོ་སྒྱུ་དེ་བོར་ལ།།
དྭངས་གཙང་གཤིས་འཇམ་དེ་འཚོལ་དང་།།
ཨ་ཕོ་སྟག་ཤར་གྱི་དཔའ་ཉམས།།
གངས་ཀྱི་འདབས་རོལ་དུ་རྒྱས་དུས།།
སྨིན་ལེགས་ན་ཆུང་གི་དགའ་མས།།
དུང་བའི་ཟུར་མིག་ཅིག་འཕངས་བྱུང་།།
སྤྲིན་དཀར་བོངས་ཚོད་ཀྱི་ལང་ཚོ།།
རེ་བའི་གངས་རྩེ་རུ་ངོམ་དུས།།
ཟིལ་བ་ཁྲོམ་ཁྲོམ་གྱི་དབུས་ནས།།
དབྱངས་འདི་ཕ་ཡུལ་ལ་འགུག་གོ།།
དག་པ་བདེ་ཆེན་གྱི་ཞིང་འདྲ།།
མ་བཅོས་ཡུན་རིང་དུ་གནས་ཤོག།
སྐྱབས་འཇུག་སེམས་ཁོང་ནས་ཞུ་བཞིན།།
རིག་བྱེད་སྙན་ཚིག་ལ་འཇུས་འགྲོ།།
༼ ཁམས་ཟླ་སྲས། ༽
