国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི2026ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས་ལས་ཀར་ཞིབ་བཤེར་གནང་དུས།

ཡིག་རྒྱུགས་སྒྲིག་འཛུགས་དང་ཞབས་ཞུ་འགན་ལེན་ལས་དོན་ཧྲིལ་པོ་དམ་དུ་བཟུང་སྟེ་ ལྷིང་འཇགས་བློ་བདེའི་ཡིག་རྒྱུགས་ཁོར་ཡུག་བསྐྲུན་དགོས་གསུངས།

སྤྱི་ཟླ6པའི་ཚེས4ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི2026ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས་ལས་དོན་ལ་ཞིབ་བཤེར་དང་ལས་ཡུལ་གྱི་ལས་དོན་པར་འཚམས་འདྲི་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཡག་ཐོག་ཡག་བརྩེགས་ཀྱི་ཚད་གཞི་དང་གཟབ་ནན་ཞིབ་ཚགས་ཀྱི་སྤྱོད་ཚུལ་ཐོག་ནས་རྒྱུགས་ལེན་སྒྲིག་འཛུགས་དང་ཞབས་ཞུའི་འགན་ལེན་ལས་དོན་ཧྲིལ་པོ་དམ་འཛིན་ཏན་ཏིག་བྱས་ཏེ་ལྷིང་འཇགས་བློ་བདེའི་རྒྱུགས་ལེན་ཁོར་ཡུག་ཅིག་བསྐྲུན་ནས་ཁུལ་ཡོངས་ཀྱི་མཐོ་འབྲིང་རྒྱུགས་ཉེན་མེད་དང་བརྟན་པོ། དྲང་གཞག། གོ་རིམ་ལྡན་པ་བཅས་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་།

ད་ལོར་ཁུལ་ཡོངས་སུ་མཐོ་རྒྱུགས་སྤྲོད་ས9དང་འབྲིང་རྒྱུགས་སྤྲོད་ས34བཙུགས་ཡོད། དར་མདོ་སློབ་འབྲིང་དུ་ཀྲའོ་པོ་བདེ་འཇགས་ཞིབ་བཤེར་བྱེད་ས་དང་། གསང་སྲུང་ཁང་། རྒྱུགས་སྤྲོད་ལས་དོན་བཀོད་འདོམས་ལྟེ་གནས་སོགས་སུ་ཕེབས་ཏེ་ཉེན་མེད་འགོག་སྲུང་དང་། ལྟ་འཛིན་ལས་རེས། རྒྱུགས་ར་བཀོད་སྒྲིག་སོགས་ཀྱི་ལས་ཀར་ཞིབ་བཤེར་དང་རྒྱུགས་སྤྲོད་ལས་དོན་མི་སྣ་དང་གླེང་མོལ་གནང་ནས་ཚང་མར་རྒྱུགས་སྤྲོད་སློབ་མ་གཙོ་བོར་འཛིན་ཞིང་འགན་འཁྲི་ཆེས་ཡག་པོ་ཁུར་ནས་རྒྱུགས་སྤྲོད་ལས་དོན་གྱི་སྒྲིག་སྲོལ་ནན་སྲུང་དང་། རྒྱུགས་སྤྲོད་ཁང་གི་དོ་དམ་ཚོད་འཛིན་ཞིབ་ཚགས་སུ་གཏོང་བ། རྒྱུགས་སྤྲོད་དྲན་སྐུལ་ཡག་པོ་བྱས་ཏེ་སློབ་མ་ཚོས་སྤོབས་པ་ཆེན་པོས་རྒྱུགས་སྤྲོད་པ་དང་ཕུགས་འདུན་མངོན་འགྱུར་ཡོང་བར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་དཀར་མཛེས་ཁུལ་བཀོད་འདོམས་ལྟེ་གནས་སུ་ཀྲའོ་པོ་ཡིས་ད་ལོའི་ཁུལ་ཡོངས་ཀྱི་མཐོ་འབྲིང་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ཁག་གི་སྙན་ཞུར་གསན་ཞིང་། ཁུལ་ཡོངས་ཀྱི་མཐོ་འབྲིང་རྒྱུགས་ཞབས་ཞུ་འགན་ལེན་གྱི་ལས་ཡུལ་དུ་ཡོད་པའི་རྒྱ་ཆེ་བའི་དགེ་རྒན་དང་ལས་དོན་མི་སྣར་འཚམས་འདྲི་ཞུས་པ་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མཐོ་འབྲིང་རྒྱུགས་ནི་ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འབྲེལ་བ་ཡོད་པས་། ཁྱིམ་ཚང་ཁྲི་སྟོང་དང་རྒྱ་ཆེ་བའི་སློབ་མའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་པས་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་ལེན་ལས་དོན་ལ་ཉེན་ཁ་མི་ཡོང་བ་དེ་ལས་ཀ་ཨང་དང་པོར་བཞག་ནས་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་གནད་ཐུག་ས་ཁག་ལ་སླར་ཡང་གསེད་བཀྲོལ་དང་ཞིབ་ཕྲ་བཟོས་པ། འཐུས་ཚང་བཅས་བཟོས་ཏེ་ཉེན་མེད་གོ་རིམ་ལྡན་པ་དང་ནོར་འཁྲུལ་གཏན་ནས་མེད་པར་འགན་ལེན་བྱ་དགོས། རྒྱུགས་ཤོག་གི་གསང་སྲུང་དམར་ཐིག་དང་རྒྱུགས་རའི་འགག་སྒོ་ནན་སྲུང་དང་། མི་འགོག་དང་དངོས་འགོག། རྩལ་འགོག་བཅས་སྣ་མང་གི་འགོག་ཟོན་བྱ་ཐབས་གཅིག་གྱུར་འཆར་འགོད་བྱས་ཏེ་རྒྱུགས་རའི་སྒྲིག་ལམ་སྐོར་ཞིབ་རྒྱུན་ཚུལ་ཅན་དུ་སྤེལ་བ་བཅས་བྱས་ནས་རྒྱུགས་ལེན་དྲང་པོ་དང་དྲང་གཞག་ཡོང་བར་ཁག་ཐེག་བྱ་དགོས། ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་ཚགས་བཤེར་དང་རང་བྱུང་གནོད་འཚེ་སྔོན་འགོག་སོགས་ཀྱི་ལས་ཀ་དམ་འཛིན་ཏན་ཏིག་བྱེད་པ་དང་། འཚུབ་བསྟུན་སྔོན་ཇུས་དང་ཐག་གཅོད་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ། ཐོལ་བྱུང་གནས་ཚུལ་མགྱོགས་མྱུར་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་ཉེན་མེད་མཐིལ་ཚད་བརྟན་སྲུང་བྱ་དགོས། མཉམ་འགུལ་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་འགྲིམ་འགྲུལ་ལམ་སྟོན་དང་། འཛེར་སྒྲ་དོ་དམ་ཚོད་འཛིན། བཟའ་བཅའི་ཉེན་མེད་དང་སྨན་བཅོས་འགན་ལེན་སོགས་ལས་ཀ་ཁག་ཞིབ་ཚགས་ཅན་གྱིས་གཅིག་གྱུར་འཆར་འགོད་བྱས་ཏེ་ལྷིང་འཇགས་བག་ཕེབས་དང་ཉེན་མེད་གོ་རིམ་ལྡན་པའི་ཡིག་རྒྱུགས་ཁོར་ཡུག་ཤུགས་ཡོད་རྒུས་བསྐྲུན་ནས་རྒྱུགས་སྤྲོད་སློབ་མ་སེམས་བདེ་བག་ཕེབས་དང་། ཁྱིམ་བདག་དང་སྤྱི་ཚོགས་བློ་བདེ་པོ་ཡོང་བ་བྱ་དགོས།།

( ལྷ་འཛོམས་ཀྱིས་བསྒྱུར།)