གསར་བརྗེའི་རྩ་བ་གཏན་དུ་སྐྱོང་།། གསར་བརྗེའི་སྙིང་ནམ་ཡང་སྤེལ།།
ཟླ་བ་ལྔ་པའི་ཟླ་གཞུང་དུ། གསར་འགོད་པ་ལྕགས་ཟམ་རྫོང་གི་གསར་བརྗེའི་མེ་སོན་བཏབ་མྱོང་བའི་ལ་ངོས་ཡུལ་ཤོག་ཏུ་སླེབས།
ལ་ངོས་དམར་དམག་རིག་དངོས་བཤམ་སྒྲིག་ཁང་དུ་ཕྱིན་པ་ན། བཙའ་ཕོག་པའི་རྟ་གྲི་དང་ལོ་ཟླས་བརྡར་ཟད་ཐེབས་པའི་རྩྭ་ལྷམ། ད་དུང་ལྷམ་མེར་གསལ་བའི་གསར་བརྗེའི་སྦྱར་ཡིག་སོགས་འཇམ་ལྷིང་ངེར་གནས་ཤིང་། རྒྱང་སྐྱོད་ཀྱི་གཏམ་རྒྱུད་དགའ་སྐྱོ་གཉིས་དག་སྨྲ་བ་བཅད་དེ་བརྗོད་བཞིན་པ་དང་མཚུངས།
ཞིང་ཆེན་རིམ་པའི་ལ་ངོས་སྐོར་བྲོའི་བརྒྱུད་འཛིན་པ་ཧོང་ནེ་ཀུའེ་ཡིས་གསར་བརྗེའི་རིག་དངོས་དག་ལ་མིག་ཅེར་ནས1935ལོའི་ཟླ་བ11པར། དམར་དམག་རྒྱང་སྐྱོད་ལྷོར་བསྐྱོད་དེ་ལ་ངོས་བརྒྱུད་པ་དང་དེར་དམག་འཐབ་ཆེ་ཆུང7བྱས་ཤིང་། དམར་དམག་དཔོན་དམག600ལྷག་གིས་རང་སྲོག་བློས་བཏང་ཡོད། ཁོང་ཚོས་ཚེ་སྲོག་དང་ཟུངས་ཁྲག་དྲོན་མོས་ས་ཆ་དེ་ན་བསམ་པའི་མཛད་རྗེས་རྡོ་རིང་ཉམས་པ་མེད་པ་ཞིག་བཞེངས་ཡོད་ཅེས་བཤད་ཅིང་མིག་ཟུང་ལས་གུས་བཀུར་ཚད་མེད་ཀྱི་མདངས་ཤིག་ཀྱང་ཤར་འདུག།
ཧོང་ནེ་ཀུའེ་ཡིས་ལ་ངོས་ཀྱི་རི་ཀླུང་དང་ཡུལ་སྡེ་ཀུན་ཏུ་རྡོག་པས་མནན་པ་དང་རྩད་འདྲི་ཞིབ་ཕྲ། ཉར་ཚགས་གང་ལེགས་བཅས་བྱས་ནས་གསར་བརྗེའི་རིག་དངོས་རྩ་ཆེན48འཚོལ་སྡུད་ལེགས་སྒྲིག་བྱས་པ་རེད། དངོས་རྫས་རྙིང་པ་རེ་རེའི་རྒྱབ་ཏུ་གཏམ་རྒྱུད་སེམས་འགུལ་ཐེབས་པ་རེ་ཡང་ཡོད། ཧོང་ནེ་ཀུའེ་ཡིས་ང་རང་གིས་གསར་བརྗེའི་རིག་དངོས་སྡུད་ལེན་དང་སྲུང་སྐྱོང་། དྲིལ་སྒྲོག་བཅས་ཀྱི་འགྲོ་ལམ་འདིའི་ཐོག་ཏུ་བསྐྱོད་དེ་ལོ42ཕྱིན་འདུག་ཅེས་བཤད།
ལོ་དེར་དམར་དམག་ས་ཆ་དེར་སླེབས་རྗེས། ཆུས་སུའུ་ཝེར་ཨེར་སྲིད་གཞུང་གི་ཤུལ་རྙིང་དང་དམར་དམག་གི་དམག་སྤྱི་རྙིང་པའི་ཤུལ་རྙིང་། དམར་དམག་གི་སྨན་ཁང་གི་ཤུལ་རྙིང་སོགས་གསར་བརྗེའི་རྗེས་ཤུལ་མང་པོ་བཞག་པ་དང་། སོ་ཕག་དང་གྱོ་མོ་རེ་རེ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་ཞིང་རྩྭ་དང་རྩི་ཤིང་རེ་རེ་ལས་གསར་བརྗེའི་ཐོག་མའི་བསམ་འདུན་མངོན།
ཧོང་ནེ་ཀུའེ་ཡིས་དམར་དམག་གིས་ཟུངས་ཁྲག་དྲོན་མོས་དེ་རིང་གི་ཞི་བདེའི་འཚོ་བ་བརྗེས་ཡོད། ང་ཚོ་མི་རབས་འདི་ཡིས་རིག་དངོས་སྲུང་སྐྱོང་ཐུབ་པ་དང་ལོ་རྒྱུས་ཡག་པོ་བཤད་པའི་དམིགས་ཡུལ་ཡང་རྗེས་རབས་པ་ཚོས་བདེ་སྐྱིད་གང་ནས་འབྱུང་བ་དང་ཐོག་མའི་བསམ་འདུན་གང་ལ་གཏད་དགོས་པ་ནམ་ཡང་བརྗེད་མི་རུང་བ་དང་། སྔོན་རབས་མེས་པོ་ཚོའི་སྙིང་སྟོབས་དེ་འཚོ་བ་སྐྱིད་པོ་རོལ་བ་དང་ཕ་ཡུལ་འཛུགས་སྐྲུན་ཧུར་ཐག་བྱེད་པའི་གདིང་ཤུགས་སུ་བསྒྱུར་དགོས་ཞེས་སྤོབས་པ་དང་བཅས་དེ་ལྟར་བཤད།
གསར་བརྗེའི་རྩ་བ་སྲུང་སྐྱོང་ལ་བརྟེན་ན་ནམ་ཡང་ཚུགས་ཐུབ་ཅིང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ན་གཞི་ནས་ཡུན་རིང་གནས་ཐུབ།
གསར་བརྗེའི་ཐོན་ཁུངས་ལེགས་པར་སྤྱད།། ཡུལ་མི་ཕྱུག་འབྱོར་ལམ་དུ་ཁྲིད།།
ལོ་མང་རིང་། ལ་ངོས་ཡུལ་ཤོག་གིས་གསར་སྤེལ་ལ་མཐོང་ཆེན་དང་སྲུང་སྐྱོང་ལ་མཐོང་ཆུང་གི་བསམ་གཞིག་ཕུགས་ཐུང་ཐུང་དེ་དོར་ནས། གསར་བརྗེའི་ཤུལ་རྙིང་ཞིག་གསོ་སྲ་བརྟན་དང་ཁོར་ཡུག་བཅོས་སྐྱོང་། ཉེན་མེད་འགོག་སྲུང་སོགས་ལ་རྒྱུན་མཐུད་བརྩོན་ཞིང་། གསར་བརྗེའི་ལོ་རྒྱུས་གོ་རིམ་རྒྱུད་རིམ་ལྡན་པའི་སྒོ་ནས་ཚགས་གསེད་དང་གསར་བརྗེའི་གཏམ་རྒྱུད་ཀྱི་ནང་དོན་སྔོག་འདོན་གདིང་ཟབ་བྱས་ནས། གསར་བརྗེའི་སློབ་གསོ་བྱ་ཡུལ་དང་ཞིབ་འཇུག་སློབ་སྦྱོང་གི་སྐོར་ལམ་སྤུས་ལེགས། ཡུལ་དངོས་སློབ་ཁྲིད་བྱེད་ས་བཅས་རིམ་པ་བགོས་ནས་བཙུགས་ཏེ། གསར་བརྗེའི་རིག་གནས་འཇགས་རྣམ་བཤམ་སྒྲིག་ནས་མྱོང་རོལ་ཅན་གྱི་ཚོར་སྣང་ལ་བསྒྱུར་ནས་མིག་མཐོང་ལག་ཟིན་ཆོག་པ་དང་སེམས་སུ་འཇགས་ཐུབ་པ་བྱས་ཡོད།
1985ལོར་ལ་ངོས་ལ་དཀར་མཛེས་ཁུལ་གྱི་གསར་བརྗེ་རྙིང་ཁུལ་གྱི་ཆོག་མཆན་ཐོབ་པ་དང་། 2012ལོར་མངའ་ཁོངས་སུ་ཡོད་པའི་དམར་དམག་གི་ཤུལ་རྙིང་མང་པོ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་བྱ་ཡུལ་དུ་ཚུད་ཅིང་། ལོ་དེར་ལ་ངོས་དམར་དམག་སྔོན་གཤེགས་དཔའ་བོའི་དྲན་གསོ་རྡོ་རིང་སྔོན་མའི་དམར་དམག་སོ་ལྟ་ཁང་གི་རྗེས་ཤུལ་དུ་བཞེངས་ཡོད། 2018ལོར་ལ་ལོས་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོ་ཁང་བཙུགས་ཏེ། རི་སུལ་དུ་ལུས་པའི་དམར་དམག་སྔོན་གཤེགས་དཔའ་བོའི་བློ་དཀར་རུས་ཕུང་གཅིག་བསྡུས་ངང་སྦས་ཐུབ་པ་བྱུང་ཡོད།
ད་ལྟ་རི་སྒང་དུ་ཡོད་པའི་དམར་དམག་སྔོན་གཤེགས་དཔའ་བོའི་རྡོ་རིང་བརྗིད་ཆགས་སེར་གནས་ཡོད་པ་དང་རི་རྐེད་དུ་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ལྷིང་འཇགས་སེར་ཆགས་པ་ནི་ལ་ངོས་ཀྱི་བསམ་པའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད། དུར་མཆོད་ཉིན་མོ་དང་བདུན་གཅིག། རྒྱལ་འཛུགས་སོགས་དུས་སྟོན་ཤར་ཐེངས་རེར་ས་གནས་ཁག་གི་ཏང་མི་ལས་བྱེད་པ་དང་ན་གཞོན་སློབ་མ། མང་ཚོགས། ཡུལ་སྐོར་བ་བཅས་གཅིག་རྗེས་གཉིས་མཐུད་དེ་ཡོང་ནས་མེ་ཏོག་སོ་མ་ཕུལ་བ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཞིང་ཐོག་མའི་བསམ་འདུན་མྱོང་རྟོགས་བྱས། གསར་བརྗེའི་སློབ་གསོའི་ཚ་རླབས་དགུང་ལ་འཕྱུར།
ལ་ངོས་ཡུལ་ཤོག་མི་དམངས་སྲིད་གཞུང་གི་ལས་སྒྲུབ་པ་ཝང་ཕན་གྱིས་དེ་སྔོན་ཡིན་ན་ང་ཚོའི་གསར་བརྗེའི་ཤུལ་རྙིང་དག་ས་གནས་དེ་གའི་རྒན་རྒོན་ཚོས་གཙིགས་ཆེན་དུ་བརྩིས་པ་ལས་ཕྱི་རོལ་དུ་གོ་མཁན་ཉུང་ཉུང་རེད། ད་ལྟ་གསར་བརྗེའི་ཐོན་ཁུངས་རྙིང་ཁུལ་གྱི་གྲགས་རྟགས་ཆེ་ཤོས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་ཡུལ་ཤོག་གིས་གསར་བརྗེའི་རྗེས་ཤུལ་དང་གནའ་བོའི་ཚོང་འདྲེན་རྡལ་ལམ། མཐོ་སྒང་གི་སྐྱེ་ཁམས་ཡུལ་ལྗོངས་བཅས་གཅིག་ཏུ་སྦྲེལ་པར་བརྟེན་ནས། གསར་བརྗེའི་ཏང་འཛུགས་སྐྱོང་དང་ཚོགས་པའི་ཞིབ་འཇུག་སློབ་སྦྱོང་། གཙོ་དོན་སློབ་གསོ་སོགས་ཀྱི་འགྲུལ་ཁུངས་རྒྱུན་མི་ཆད་ལ། ལོ་རེར་ཆ་སྙོམས་ཞིབ་འཇུག་སློབ་སྦྱོང་གི་ཚོགས་པ་སྣ་མང་ཚན་འབོར30ལྷག་ལ་སྣེ་ལེན་བྱ་དགོས་པ་རེད་ཅེས་བཤད།
དེ་སྔོན་རི་ལུང་ཟབ་སར་ཡིབ་ནས་མི་ཚང་མའི་གོ་ཐོས་ཀྱི་ཡུལ་དུ་དཀོན་པའི་གསར་བརྗེའི་རྙིང་ཁུལ་དེ། ད་ལྟ་གསར་བརྗེའི་ནོར་གཏེར་བསྲུངས་ནས་འཚོ་བ་དབུལ་པོ་རོལ་པའི་དཀའ་སྡུག་ལས་ཐར་ནས། གསར་བརྗེ་ཡིས་བླ་སྲོག་སྐྱོང་བ་དང་། རིག་གནས་ཡུལ་སྐོར་གྱི་ཡུལ་ཤོག་དར་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་ཡོད།
ཝང་ཕན་གྱིས་དེ་རིང་འདིར་མི་གཡང་འཁོར་བ་དང་གདིང་ཤུགས་འཕེལ་བ། འཚོ་བ་སྐྱིད་པོ་བཅས་ཀྱི་སྣང་ཚུལ་ལས་ང་ཚོ་དུས་རབས་གསར་པའི་རྒྱང་སྐྱོད་འགྲོ་ལམ་དུ་སྐྱོད་པའི་བདེན་དཔང་གསོན་ཉམས་དོད་པོ་དེ་ཡིན་ཞེས་བཤད།
གསར་བརྗེའི་ཐོན་ཁུངས་གྲགས་འགུལ་མེད་པར་མི་ལུས་པར་རྩ་བ་སྐྱོང་བ་ནི་མཐིལ་ཚད་ཡིན་ལ། མི་དམངས་ཕྱུག་པོར་ཡོང་བ་གཞི་ནས་དམིགས་འབེན་ཡིན། ལས་ངོས་ཡུལ་ཤོག་གིས་གསར་བརྗེའི་རིག་གནས་དང་སྐྱེ་ཁམས་ཡུལ་ལྗོངས། མི་རིགས་དམངས་སྲོལ་སོགས་ཐོན་ཁུངས་སྣ་མང་ལ་དམིགས་ཏེ། གསར་བརྗེ་དང་སྦག་མེད། གནའ་ཉམས་བཅས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ཅིང་། བེད་མེད་ཐོན་ཁུངས་ལེགས་སྤྱོད་དང་ལས་རྣམ་གསར་པ་སྐྱེད་སྲིང་། སྲོལ་རྒྱུན་ཞིང་ལས་སྣ་རྐྱང་གི་འཕེལ་རྒྱས་གནས་བབ་ཆགས་སུ་བཅུག་ནས། གནའ་གྲོང་གྲགས་འགུལ་མེད་པ་དེ་རིག་གནས་ཡུལ་སྐོར་བྱ་ཡུལ་ཚ་ཤོས་སུ་བསྒྱུར་བ་རེད།
ལ་ངོས་ཡུལ་ཤོག་གིས་འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བའི་ཐབས་མཆོག་དང་པོ་ནི་ཁྱད་ཆོས་གནས་ཚང་བཙུགས་པ་དེ་ཡིན་ཞིང་། དེའི་ཐོག་འགྲུལ་བ་ཡུན་རིང་གནས་ཐུབ་ཆེད། ཡུལ་སྐོར་ལས་རྣམ་ཕུན་སུམ་ཇེ་ཚོགས་དང་ཞབས་ཞུའི་མྱོང་རོལ་ཇེ་ཡག། ཐོན་ལས་ཀྱི་འབྲེལ་ཐག་འཐུས་ཚང་བཅས་བཏང་སྟེ། གསར་བརྗེའི་སློབ་གསོ་དང་གནས་ཚང་སྤྲོ་གསེང་། ཡུལ་མིའི་ཟས་མཆོག། དམངས་སྲོལ་མྱོང་རོལ་བཅས་ཟུང་དུ་སྦྲེལ་བའི་རིག་གནས་ཡུལ་སྐོར་མ་ལག་ཅིག་བསྐྲུན་ཡོད། ད་བར་ཡུལ་ཤོག་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི623.37རག་ཡོད།
ད་ལྟའི་ལ་ངོས་སུ་ཁྱིམ་ཚང་ཚང་མ་ལ་ཐོན་ལས་ཡོད་པ་དང་མི་ཚང་མ་ལ་ལས་ཀ་ཡོད་པ། དུད་ཚང་ཀུན་ལ་ཡོང་འབབ་ཡོད་པ་ཆགས་ཟིན་ཞིང་། ལྕགས་ཟམ་རྫོང་ནས་ལ་ངོས་བར་གྱི་གཞུང་ལམ་བསྒྱུར་བཀོད་རིམ་སྤོར་ཨར་ལས་ཀྱང་ད་ལོའི་ཟླ་བ7པར་བསྐྲུན་ཚར་རེ་ཡོད།
རྒྱང་སྐྱོད་སྙིང་སྟོབས་ནི་གྱང་ངོས་སུ་བཀལ་བའི་ཁ་འབོད་ཙམ་མིན་གྱི། དངོས་སྒྲུབ་ལ་བརྟེན་ནས་ཡུལ་ཤོག་དར་རྒྱས་གཏོང་བའི་བྱ་སྤྱོད་ཕྱོགས་སྟོན་ཡིན། ཕྱིན་ཆད། ལ་ངོས་ཡུལ་ཤོག་གིས་མུ་མཐུད་དེ་གསར་བརྗེའི་ནང་དོན་སྔར་བས་སྔོག་འདོན་གང་ལེགས་དང་རྒྱང་སྐྱོད་སྙིང་སྟོབས་སྐྱོང་ཤུགས་ཆེ་རུ་བཏང་སྟེ། གསར་བརྗེའི་ཁྲག་རྒྱུན་འབད་འཐབ་ཁྲོད་དུ་མ་ཆད་པ་བསྐྱངས་ཏེ། གསར་བརྗེ་རྙིང་ཁུལ་ལ་སྐྱེས་སྟོབས་དང་གསོན་ཤུགས་སྔར་བས་ཆེ་རུ་ཡོང་བ་བྱ་རྒྱུ་རེད།། ( སྐལ་ཐུབ་ཀྱིས་བསྒྱུར།)
