ལྕགས་ཟམ་རྫོང་གི་བྱང་རྒྱུད་དུ་གནས་པའི་ལ་ངོས་ཡུལ་ཤོག་ལ་མཚོ་འཕགས་སྨི༢༤༠༠ཡོད་ཅིང་། རི་གཟར་ཞིང་མཐོ་ལ་ནམ་མཁའི་སྤྲིན་རུམ་དུ་ཟུག་ཡོད། གནའ་དུས་ནས་བཟུང་ལ་ངོས་ལ་འགྲོ་ལམ་གཉིས་ལས་མེད་ཅིང་དེ་དག་གཡང་གཟར་བྲག་ཏུ་གནས་ཤིང་རི་བོ་འཁྱུད་ནས་ཡོད། གཟར་ཉེན་ཆེ་བའི་ཚུལ་ནི་དཔའ་བོ་གཅིག་གིས་སྲུང་བའི་འགག། དཔའ་རྟུལ་འབུམ་གྱིས་གཏོར་མི་ནུས་ཞེས་ཟེར་ན་མི་ཆོག་པ་མེད། སྤྱི་ལོ༡༩༣༥ལོའི་ཟླ་བ༡༡པར། དམར་དམག་འབུམ་ཤོག་བཞི་པས་ཁ་ཕྱོགས་ལྷོ་རུ་བསྒྱུར་ནས《འགག་སྨད་དང་ལུའུ་ཧྲན། མིང་ཧྲན། གཡག་རྔ། ཆང་ལས་བཅས་ཀྱི་གཡུལ་འགྱེད་ཆེན་པོའི་འཆར་གཞི》ལག་ལེན་བྱེད་པ་དང་། དམར་དམག་འབུམ་ཤོག༣༢པ་དང་དམར་དམག་འབུམ་ཤོག༤པའི་ཆ་ཤས་ཤིག་སྟེ་ཧ་ལམ་མདའ་ཤོག༡༡ཡོད་པ་རོང་བྲག་རྫོང་དང་དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་བརྒྱུད་ནས་ལ་ངོས་ཡུལ་ཤོག་ཏུ་བསྐྱོད་པར་མ་ཟད། དེ་ལྷོར་བསྐྱོད་དམག་འཐབ་ཀྱི་མདུན་སྐྱོད་རྟེན་གཞིར་དང་རྒྱབ་ཕྱོགས་འགན་སྲུང་རྟེན་གཞིར་བྱས་ཡོད། ས་གནས་དེར་དམར་དམག་གིས་གསར་བརྗེའི་མེ་སོན་བཏབ་པ་དང་། ལོ་རྒྱུས་ཀྱི་དེབ་ཐེར་དུ་མིང་གྲགས་བཀོད་པའི་དཔའ་བོའི་ལེའུ་བྲིས་པ་རེད།
༡༩༣༥ལོའི་ཟླ་བ༡༢པའི་ཚེས༢༦ཉིན་ལ། དམར་དམག་འབུམ་ཤོག༤པ་དང་དམར་དམག་འབུམ་ཤོག༣༢པའི་གཙོ་ཤུགས་དམག་དཔུང་ལ་ངོས་ཡུལ་ཤོག་ནས་འགག་སྨད་རྫོང་དུ་དཔུང་འཇུག་བྱེད་བཞིན་ཡོད་པ་དང་། ལ་ངོས་ཀྱི་སྲུང་དམག་སྟོབས་ཤུགས་ཆུང་བའི་སྐབས་དང་བསྟུན་ནས། གོ་མིན་ཏང་གི་དམག་དཔུང་འབུམ་ཤོག༢༤པས་ལ་ངོས་ཡུལ་ཤོག་ཏུ་ཚུར་རྒོལ་བྱས་ནས་ལ་ངོས་བཙན་བཟུང་བྱས་ཏེ་དམར་དམག་ལྷོར་བསྐྱོད་ཀྱི་མཁོ་དངོས་སྐྱེལ་ལམ་གཅད་རྩིས་ཀྱི་ཧམ་སེམས་བཅངས། ཉིན་དེར་ཀྲུང་གུང་སྐྱིད་ཐང་རྫོང་ཨུ་དང་ལ་ངོས་ཆུས་སུ་ཝེར་ཨེ་སྲིད་གཞུང་གིས་ཆུས་ངེས་མེད་རྒོལ་རྡུང་རུ་ཁག་གི་ནང་དུ་བྱུང་བའི་ནང་རུལ་པ་ཀུང་ཝང་ཞུའེ་ལ་ཡོངས་བསྒྲགས་འདྲི་གཅོད་བྱེད་པའི་སྒང་ཡིན་ཞིང་། སྲུང་སྐྱོབ་ལས་འགན་འཁུར་མཁན་ནི་བརྒྱ་དཔོན་ཞིག་གིས་སྣེ་ཁྲིད་པའི་ལྡིང་ཤོག་གཉིས་ཀྱི་དམར་དམག་འཐབ་འཛིང་པ་ལས་མེད། དགྲ་བོས་གཏུམ་དྲག་ཆེན་པོས་རྒོལ་བར་མཐོང་ཚེ། བརྒྱ་དཔོན་གྱིས་དམར་དམག་འཐབ་འཛིང་པ༢༢ལ་འགོག་རྒོལ་བྱེད་སར་འགྲོ་དགོས་པའི་བཀའ་ཕབ་སྟེ། རྫོང་ཨུ་དང་སྲིད་གཞུང་གནས་གཞན་དུ་སྤོ་བར་འགེབས་སྲུང་བྱེད་དུ་བཅུག། སྐབས་དེར་ལ་ངོས་ཆུས་ཇོ་བོ་ཡུལ་ཤོག་གི་སུ་ཝེར་ཨེ་སྲིད་དབང་གི་ས་ཞིང་ཨུ་ཡོན་གྱི་འགན་བཞེས་བཞིན་ཡོད་པའི་མི་རྒན་ཧོ་ཅི་མིང་ཡང་སྐབས་དེའི་འགེབས་སྲུང་བྱ་ཡུལ་མི་ཚོགས་ཀྱི་ཁྲོད་དུ་ཡོད་པ་རེད།
དམར་དམག་འཐབ་འཛིང་པ༢༢དུག་སྦྲང་ལུང་པའི་མདའ་ནས་ཡར་སྦྲང་རྩི་ཁོག་ཅེས་པའི་མཐོ་སར་མྱུར་དུ་བསྐྱོད་ནས་དགྲ་བོ་དང་འཐབ་འཛིང་ཛ་དྲག་བྱས། དགྲ་བོའི་འཐབ་ཤུགས་བཀག་པའི་ཆེད་དུ། འཐབ་འཛིང་པ་ཚོས་འཐབ་ཞོར་བྱོལ་ཞོར་དང་། འཛིང་ཞོར་དུ་ཕྱོགས་གཞན་ཞིག་གི་མཐོ་སར་ཕྱིར་འཐེན་བྱས་ནས་ཡལ་དགུ་ཤིང་དབྱི་ཙི་རི་བོའི་ས་གནས་དེ་གའི་མི་རྣམས་ཀྱིས་ལན་གནས་ཤུར་ཞེས་འབོད་པའི་གཡང་གཟར་བྲག་ངོགས་སུ་སླེབས་དུས། དགྲ་བོས་དེའི་ངོས་གསུམ་གྱི་མཐའ་ནས་བསྐོར་ཟིན་པས། ཕྱིར་ནུར་གྱི་འགྲོ་ལམ་གཏན་ནས་མེད་ན་ཡང་། དམར་དམག་འཐབ་འཛིང་པ་ཚོས་མདའ་ཟད་རྒྱགས་ཟད་མ་སོང་གི་བར་དུ་དགྲ་འགོག་བྱེད་མཚམས་བཞག་མེད།
རི་འགོ་གཞན་ཞིག་ཏུ་སྤོས་ཟིན་པའི་སྐྱིད་ཐང་རྫོང་ཨུ་དང་ལ་ངོས་ཡུལ་ཤོག་སུ་ཝེར་ཨེ་སྲིད་གཞུང་གི་ལས་བྱེད་པ་ཚོས་སྐྱོ་འོས་ལ་བསྟོད་འོས་པའི་གནས་ཚུལ་ཞིག་མཐོང་བ་སྟེ། མ་གཞི་ཛ་དྲག་ཆེ་བའི་མེ་མདའི་སྐད་སྒྲ་གློ་བུར་དུ་འཇགས་པ་དང་། བྲག་ངོགས་སུ་བསླེབས་ཟིན་པའི་དམར་དམག་འཐབ་འཛིང་པ་ཚོས་ཕན་ཚུན་འཁྱུད་རེས་བྱེད་བཞིན་སྐད་ཆ་ཅི་ཞིག་བཤད་པ་མི་གོ་ཞིང་། དེའི་ནང་གི་འཐབ་འཛིང་པ་གཅིག་སྔོན་ལ་བྲག་ངོགས་སུ་ཕྱིན་ནས་ལག་ཏུ་ཤིང་ཤུབས་ལག་མདའ་ཞིག་མཐོན་པོར་བཏེགས་ཡོད་ལ། མེ་མདའི་ཡུ་བར་དར་ཕྲུ་དམར་པོ་མིག་འཚེར་བ་ཞིག་ལྷབ་ལྷུབ་ཏུ་འཕྱངས་འདུག། དེ་ནས་དམར་དམག་ཁྲི་ལོ་བརྟན་པར་ཤོག་ཅེས་པའི་འབོད་སྐད་གྲག་པ་དང་མཉམ་དུ་དར་ཕྲུ་དམར་པོ་དེ་ཡང་བྲག་ཐོག་ནས་ལུང་པའི་མདའ་རུ་ལྷུང་སོང་།
ངའི་ཟུར་དུ་ཡོད་པའི་དམར་དམག་གི་བརྒྱ་དཔོན་དེ་དེ་མ་ཐག་སར་འདུག་རྡབ་ཁུར་ནས་ངའི་དབྱི་ལྡིང་དཔོན་གྱིས་རང་སྲོག་བློས་གཏོང་སོང་ཞེས་ཟེར། ཁོས་དེ་སྐད་བཤད་མ་ཐག་དེ་ཡོད་ཀྱི་དམར་དམག་འཐབ་འཛིང་པ་གཞན་དག་ཀྱང་གཅིག་རྗེས་གཉིས་མཐུད་དེ་བྲག་ཐོག་ནས་མར་མཆོང་སོང་བ་མཐོང་ཞེས་ཧོ་ཅི་མིང་དེ་ལྟར་བཤད།
མི་རྒན་ཧོ་ཅི་མིང་གིས་དྲན་གསོ་བྱས་པ་ལྟར་ན། དམར་དམག་འཐབ་འཛིང་དཔོན་དམག༢༢ཀྱིས་ལུས་སྲོག་བློས་བཏང་རྗེས། ཁོ་དང་བློ་མཐུན་ཚོ་བྲག་ངོགས་སུ་སོང་ནས་སྐུ་གཤེགས་དཔའ་བོའི་ཕུང་པོ་རུབ་རྩིས་བྱས་ཀྱང་། རི་གཟར་ཉེན་ཆེ་ཞིང་ལུང་ཤུར་གཟར་ཟབ་དྲགས་པ་དང་མི་མར་འགྲོ་ཐབས་རྩ་བ་ནས་མེད་པས་དཔའ་བོ་ཚོའི་སྐུ་ཕུང་དེ་གར་མི་བསྐྱུར་ཀ་མེད་སོང་བ་རེད།
ཤི་རྗེས་ད་དུང་སྐད་ཆ་ཅི་ཞིག་བཤད།། ལུས་ཕུང་འདི་ཉིད་རི་སྒང་འདི་ལ་བཅོལ།། ཞེས་པ་ལྟར། དམར་དམག་སྐུ་གཤེགས་དཔའ་བོ༢༢་ས་དེར་གཏན་དུ་གཉིད་ལ་ཡེར་ནས་རི་བོ་བརྗིད་ཅིང་ཆགས་པ་དང་གཞི་གཅིག་ཏུ་འདྲེས་སོ།།
ད་ལྟའི་བར། དམར་དམག་སྐུ་གཤེགས་དཔའ་བོ༢༢ཀྱི་རུས་མིང་དང་སྐྱེས་ས་སྐྱེས་ཡུལ་གང་ཡིན་རྟོག་ཞིབ་བྱ་ཐབས་བྲལ་ན་ཡང་། མེས་རྒྱལ་གྱིས་ཁོང་ཚོ་བརྗེད་མི་སྲིད་ལ། མི་དམངས་ཀྱིས་ཁོང་ཚོ་བརྗེད་མི་སྲིད། ཁོང་ཚོའི་དཔའ་ངར་ཆེ་བ་དང་བློ་སེམས་རྣམ་པར་དཀར་བའི་སྙིང་སྟོབས་ནམ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་འོད་ཟེར་ལྷམ་མེར་འཕྲོས་ཏེ་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་དཀའ་སྡུག་བཟོད་དེ་མདུན་སྐྱོད་བྱེད་པའི་འགྲོ་ལམ་གསལ་བཞིན་མཆིས་སོ།།
( སྐལ་ཐུབ་ཀྱིས་བསྒྱུར། )
