国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཛེས་སྡུག་གི་བག་ཆས་གྱོན་པའི་དབྱར་གཞུང་།

འདི་གར་བཞད་པའི་མེ་ཏོག་ཚོགས་ཀྱང་

ཧ་ཅང་དགའ་བའི་འཛུམ་ལ་བྲེལ།།

དལ་བུར་ལྡང་བའི་རླུང་བུ་ཕྲ་མོས་ནེའུ་གསིང་ཚལ་གྱི་

དྲི་ཞིམ་ཁུར།།

བདག་གི་སྒོ་ལྔའི་རྣམ་ཤེས་ཚོགས་ཀྱང་སྟོན་མོའི་

ཚོགས་ལ་རྣམ་པར་གཡེང་།།

འཁྲིས་སུ་བཞད་པའི་རྩྭ་ལྗང་རེ་རེས་བརྩེ་བའི་

ཉམས་ཀྱིས་ང་ལ་ལྟ།།

བསྟར་ལ་བརྒྱུས་པའི་མེ་ཏོག་སྣ་ཚོགས་

གཅིག་ལ་གཅིག་གིས་འགྲན་པ་ལྟར།།

ལང་ཚོའི་སྤུད་པའི་ཟེའུ་འབྲུ་ངོམ་བཞིན་རྐང་དྲུག་

གཞོན་ནུ་བསླུ་བར་བརྩོན།།

ཤིན་ཏུ་དྭངས་པའི་ཟིལ་བ་དེ་ཡང་རྩྭ་དང་རྩི་ཤིང་

མགུལ་ལ་སྤྲས།།

གར་ལ་རྩེན་པའི་བྱེའུ་ཆུང་འཇོལ་མོས་སྐོམ་གྱིས་

གདུང་བ་འདི་ཡིས་བསལ།།

དཔྱིད་ཀྱི་དཔལ་མོས་མགྲོན་དུ་བོས་པའི་

སྐྱེ་ལྡན་སྲོག་ཆགས་སྣ་ཚོགས་ཀྱིས།།

དགའ་བའི་གྲེ་འགྱུར་བརྡ་དང་ཚིག་གིས་

ཚིམ་པ་མེད་པར་གར་ལ་རྩེན།།

གནས་འདིར་འབབ་པའི་ཆུ་ཕྲན་ཚོགས་ཀྱིས་

བརྩེ་བའི་གཞས་ཀྱང་ངག་ལ་ཐོགས།།

རི་ལུང་ཐང་གསུམ་བརྩེ་བའི་ཚོན་གྱིས་བདག་

སེམས་བསླུ་བའི་གར་མཁན་མ།།

༼ ཚུལ་མཁས། ༽