རང་མལ་སའི་གནས་ནས་སྔ་མོ་རུ་ལངས་ཏེ།།
ངའི་སྒེའུ་ཁུང་འགྲམ་དུ་མིག་ཟུང་རེ་འཕེན་དུས།།
ཡིད་རྣམ་རྟོག་ཚོར་བའི་རང་སྣང་ལ་རྩེན་པས།།
ལར་ཚོར་བའི་པི་ཝང་དྲུག་འགྱུར་ཞིག་དཀྲོལ་འགྲོ།།
ཞོགས་སྐྱ་རེངས་གསར་པ་རི་སྒང་ནས་འཛུམ་སྟེ།།
མདངས་འོད་དུ་བཀྲ་བཞིན་ངའི་འགྲམ་དུ་ཕོག་པས།།
ལུས་དྲོད་ཀྱིས་གསོས་པའི་སྐྱིད་སྣང་ཞིག་བྱུང་ལ།།
ལག་སྨྱུག་ཁའི་ཚོར་བ་མྱུར་མྱུར་གྱིས་བསྐྱུགས་སོང་།།
ཡུལ་སྡེ་བའི་དུ་ཞག་ལང་ལོང་དུ་གཡོ་བཞིན།།
དྭངས་སྔོ་ཞིང་ལྡེམ་པའི་ལམ་བར་ལ་བརྩོན་གྱིས།།
ངའི་སྒེའུ་ཁུང་རྩེ་མོ་མགོ་དཀྲིས་སུ་བཅིངས་ཏེ།།
སྟོད་ཉི་ཟེར་ལྷན་དུ་རྒྱང་རིང་ནས་ཡལ་སོང་།།
གནས་ངེས་མེད་འཕུར་བའི་བྱ་ཁྱུ་ཡི་གཤོག་སྒྲས།།
ངའི་རྣ་བར་གཟན་གྱིས་གང་ས་རུ་ལྡིང་ཞོར།།
སྐད་སྙན་ལ་འཁྱོག་པའི་སྣ་མང་འགའ་བཏོན་ཏེ།།
མཐོ་ལྗོན་པའི་སྟེང་ནས་མཆུ་དག་རེ་སྦྱོར་སོང་།།
ལྡེམ་རླུང་གིས་འདེད་པའི་རྒྱ་ལྕང་གི་ལོ་མ།།
ངའི་སྒེའུ་ཁུང་འཁྲིས་སུ་ཅི་དགའ་རུ་ཐོར་བས།།
མཛེས་འདབ་མ་རེ་རེ་སྣང་ངོར་ལ་སྦྱོར་གྱིས།།
ཡིད་ཚོར་བའི་དགའ་མ་ཆུ་བོ་བཞིན་བསྐྱོམས་སོང་།།
ཤེལ་སྒེའུ་ཁུང་ཕྱེས་ཏེ་རྒྱང་རིང་ལ་བལྟ་བཞིན།།
རླུང་བསིལ་འཇམ་གདོང་ངོས་གཡོ་བ་རུ་བྱེད་དུས།།
ངའི་སྐྲ་ལོ་རལ་པ་རྒྱབ་ངོགས་སུ་བསྐྱོད་པས།།
ཞེ་དྲན་པའི་ཁོང་གི་ཆུང་འདྲིས་དེ་དྲན་བྱུང་།།
དབྱིངས་གནམ་མཐའི་ཀློང་ནས་སྤྲིན་དཀར་གྱི་ཚོམ་བུས།།
སྡོད་ངེས་མེད་གང་སར་རྒྱུ་བ་རང་བརྩོན་བཞིན།།
བདག་ལྟེ་མཚལ་འཕོས་པའི་ཡུལ་ཕྱོགས་སུ་ཉེ་བས།།
སེམས་དག་པའི་ནང་ནས་ཕ་ཡུལ་ཡང་དྲན་སོང་།།
ཆུ་དྭངས་མོས་ག་ལེར་བཞུར་བ་ཞིག་ཐོས་བྱུང་།།
ངའི་སེམས་པ་དགྱེས་པའི་རང་སྣང་ཞིག་ཚོར་གྱིས།།
མཛེས་ཚོར་རྟོག་ཤ་རུས་སྦྲིད་པ་ཞིག་རྩེན་ཏེ།།
ཡིད་རང་ཞལ་བརྡར་བའི་ཚོར་བ་དེ་འཕྱུར་སོང་།།
རྩྭ་འཇག་མ་བསིལ་བསེར་རླུང་བུ་ཡིས་སྤུར་ཏེ།།
མཉེན་ལྡེམ་མེར་གཡོ་བའི་འགུལ་བ་ལ་བསམས་ན།།
སེམས་འདུན་པའི་སྣང་བ་ཆུ་རིས་སུ་འཁྲིགས་ལ།།
བརྗོད་མི་ཚར་ཡིད་འགྱུ་མི་སེམས་སུ་སྨིན་ཡོང་།།
ཚོར་སྣང་བའི་བཞིན་མདངས་འཛད་རྒྱུ་ཞིག་མེད་ཀྱང་།།
དུས་རྒོངས་ཀ་ཚེས་པས་བསིལ་གྲིབ་ཀྱང་གུག་སོང་།།
ངའི་སྙན་ངག་སྒྱུ་འཕྲུལ་རང་སེམས་སུ་རྒྱས་ཀྱང་།།
ད་འདི་གའི་མཚམས་སུ་ངལ་བ་ཞིག་གསོ་འགྲོ།།
༼ སྙན་རྐང་གླིང་། ༽
