国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྱེད་ཀྱི་མཛེས་སྡུག་ནི་ང་ཡི་སྙན་ངག་ཡིན།

ནམ་ཟླ་འཁྱག་ཤུར་ཤུར་གྱི་དུས་ཚོད་ཀློང་ནས། ངས་ཚོར་འདུ་ཡི་རླུང་བུ་དེ་དག་ལྷོད་གེར་བཞག་སྟེ་བདག་འཛིན་ཕྲ་མོའི་རྐང་རྗེས་ནས་ཅིས་ཀྱང་མཐའ་ཆོད་དུ་མེད་པའི་ཚོར་བའི་ཞིང་ཁམས་ཤིག་མཐོང་བྱུང་། ངས་མཐོང་བའི་འཇིག་རྟེན་དེ་ནི་རྩྭ་ཐང་ཞིག་མ་ཡིན་ལ། རྩྭ་ཐང་དང་འདྲ་བ་ཞིག་ཡིན། མཚེའུ་མ་ཡིན་ལ། མཚེའུ་དང་ཆ་འདྲ་བ་ཞིག་ཡིན། ད་ལྟ་ངས་ངོས་འཛིན་བྱེད་ཐབས་མེད་པའི་ཁྱོད་རང་ཞེས་པའི་ཐ་སྙད་དེའི་བརྗོད་བྱ་ཡིན། གྲོགས་པོ་ལ་ལས། ཁྱོད་ཀྱི་མཛེས་སྡུག་ནི་ང་ཡི་སྙན་ངག་ཡིན་ཟེར་བ་དང་། རྒྱུན་པར་རྩོམ་ཐུང་དེ་དག་གི་ནང་དུ། ཁྱོད་རང་ཞེས་པའི་ཐ་སྙད་ཅིག་མང་དུ་ཡོང་བཞིན་འདུག་པས། ཁྱོད་རང་སུ་ཡིན་པ། གསལ་བཤད་ཅིག་དགོས་ཞེས། ཀུ་རེའི་ཚུལ་དུ་སྐུལ་མ་བཏང་ནའང་། ངས་ཁོང་ཅག་ལ་དངོས་གནས་དགོངས་དག་ཞུ་བ་ལས་ཐབས་ཤེས་མ་བྱུང་། ངའི་འཚོ་བ་དང་། ངའི་རྩོམ་རིག་གི་འཇིག་རྟེན་དུ་ང་ལ་ཁྱོད་ཟེར་བ་ཞིག་ཡོད་པར་འདྲ་ཡང་། ངས་ཁྱོད་རང་ད་དུང་ངོ་ཤེས་བཞིན་མི་འདུག་ལ། ངོས་ཟིན་གྱིན་མི་འདུག། ངས་ཁྱོད་རང་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཡོད་པའི་སྙན་ངག་དག་ནི་ཀློག་པ་པོ་སོ་སོའི་སྣང་བརྙན་གྱི་མེ་ལོང་ངོགས་སུ་ཇི་ལྟར་འཆར་བ་ལས། ངས་དེ་མ་རེད། གན་རེད་ཅེས་པའི་འགྲེལ་བཤད་གཞན་ཞིག་རྒྱག་ཐབས་མི་འདུག། དེ་བཞིན་དུ། ཁྱོད་རང་ཞེས་པའི་ཐ་སྙད་དེའི་རྒྱབ་ལྗོངས་སུ་ཅི་ཞིག་འཆད་ཀྱིན་ཡོད་པ་དང་། གང་ལ་མཛེས་ཆོས་ཀྱི་རི་མོ་བྲིས་ཡོད་པ་སོགས། མི་སོ་སོས་གོ་བ་ཇི་ལྟར་བླངས་ཡོད་པ་དེ་ལྟར་ལས། ང་ལ་ཁྱེད་ཅག་གི་དྲན་སྣང་དེ་ལས་ལྡོག་པའི་འགྲེལ་བཤད་ཅི་ཡང་མེད་ཅིང་། ཁྱོད་རང་ཞེས་པའི་བརྡ་དག་ལ་བརྟེན་ནས་ཁྱོད་ཚོའི་སེམས་སུ་འབྲེལ་མེད་ཀྱི་ཚོར་བ་ཡ་མཚན་པ་འགའ་རེ་སྐྱེས་ཟིན་པའམ། སྐྱེ་བར་འགྱུར་ན། དེ་ཡིས་བདག་གི་སེམས་པ་ཡོངས་སུ་ལྷོད་ལ་བབས་སོང་བ་ཡིན། ཁྱེད་ཅག་གི་སེམས་སུ་འབྲེལ་མེད་དུ་སློང་བའི་ཚོར་བ་དེ་དག་ནི། ཕུགས་དེད་ན་ང་ཡི་སྙན་ངག་གི་ནུས་ཤུགས་ཡིན་ལ། ང་ཡི་རྩོམ་རིག་གི་བྱེད་པ་ཡིན། དེ་བས་དུས་ནམ་ཡང་། ཁྱེད་ཅག་གིས་ང་ཡི་རྩོམ་རིག་གི་ཀློང་ནས། ཐ་སྙད་ཀྱི་རི་དྭགས་རེ་རེས་ཁྱོད་ཚོའི་སེམས་ཁམས་ལ་སྔར་མེད་ཀྱི་མཛེས་སྡུག་མང་དུ་བཞེངས་ཐུབ་པར་སྨོན།

རེད་ཡ། དུས་བཞིའི་ས་ཚིགས་བརྒལ་བའི་འཁོར་འདས་ཀྱི་གྲིབ་སོ་ཚུར་ཚུར་གུག་དུས། ངས་འདང་ཞིག་རྒྱག་དགོས་བྱུང་སོང་། ཉི་ནུབ་ག་ལེར་རི་རྩེ་ནས་ཡལ་སོང་བའི་ཁྲོད་དུ་རང་ཉིད་ལ་དབང་བའི་དངོས་པོ་ག་ཚད་ཡོད་པ་དང་། མི་དབང་ཡང་། སྣང་བའི་ས་ཆེན་བཀང་བའི་མཛེས་སྡུག་ལྡན་པའི་དངོས་པོ་ག་ཙམ་ཡོད་པར་བསམ་ཡོད། མི་ཞིག་གིས་བསམ་བློ་བཏང་བའི་གོ་རིམ་གྱི་ཁྲོད་དུ་ཅིས་ཀྱང་འདས་ཟིན་པའི་དུས་ཚོད་ཀྱི་འགྱུར་བ་དང་། རང་གི་སེམས་སྣང་གི་དངོས་པོ་དག་ལ་དབྱེ་སྡུར་ཞིག་བྱ་དགོས་ཤིང་། དེ་ལྟར་མིན་པར་རབ་རིབ་འདྲ་བའི་འཇིག་རྟེན་ཞིག་ནས། མག་མོག་འདྲ་བའི་འཚོ་བ་ཞིག་རོལ་བཞིན་དུ་མི་ཚེ་བཏང་སྙོམས་པ་ཞིག་ཏུ་བསྐྱལ་ན་ལྷོད་ཆགས་པའི་ཁེར་རྐྱང་གི་དུས་སུ་ལག་པ་བྲང་ལ་བཞག་སྟེ་བསམ་གཞིག་རེ་བཏང་ན། དངོས་གནས་ཡིད་སྐྱོ་བ་ཞིག་མ་རེད་དམ། དེ་བས་དུས་བཞིའི་འགྱུར་ལྡོག་གི་ཁྲོད་ནས་མི་ཚོགས་ཀྱི་འཚང་ཁ་རབ་ཏུ་མོད་དུས་ངས་ཁྱོད་ཀྱི་མཛེས་སྡུག་མཐའ་དག་ནང་སེམས་སུ་སྦས་ཏེ་སྙན་ངག་ཐོར་བུ་འགའ་བྲིས་ན་བསམ་ཡོད། ཁྱོད་ཀྱི་མཛེས་སྡུག་ཅེས་པའི་ཁྱོད་རང་ནི་སུ་ཡིན་པ་ད་དུང་ངས་མི་ཤེས་ནའང་གལ་ཏེ་ང་ལ་ཁྱོད་ཡོད་པའི་དབང་དུ་བཏང་ན། ད་སྐབས་འཇིག་རྟེན་འདིར་སྐྱེས་ཟིན་པ་དང་། མ་འོངས་པར་སྐྱེ་བར་འགྱུར་བ་གང་ཞིག་ཡིན་པ་ད་དུང་ངས་གཞི་ནས་བསམ་བློ་གཏང་དགོས་པ་ཞིག་ཏུ་ཆགས་འདུག། དེ་ལས་ལྡོག་སྟེ་གཞན་ཞིག་གླེང་ན། མ་གཞི་ཁྱོད་ཀྱི་མཛེས་སྡུག་ཅེས་བརྗོད་སའི་ཁྱོད་རང་ནི། བདག་གི་སྙིང་ནང་དུ། དབང་མེད་པར་ན་ཟུག་སློང་བའི་ཡིད་འོང་གི་ལྗོན་པ་ཞིག་ཡིན་ནམ། ཡང་ན་སེམས་ལྡན་གྱི་དངོས་པོ་གཞན་ཞིག་ཡིན། ངས་ཁྱོད་རང་སུ་ཞིག་ཡིན་པ་ངོས་ཟིན་བཞིན་མེད་ན་ཡང་། ད་དུང་ཁྱོད་ཀྱི་མཛེས་སྡུག་དང་། ཁྱོད་ཀྱི་བརྩེ་བ་ཞེས་གླེང་གིན་འདུག། དོན་དམ་པར་ངས་ཁྱོད་རང་ཞེས་པའི་མཛུབ་མོ་ཀེར་ས་ཞིག་གཏན་ནས་རྙེད་མ་སོང་།

ཡིན་ན་ཡང་། འཇིག་རྟེན་འདིར་སྡོད་སྐབས། དགའ་སྐྱོ་ཟུང་འབྲེལ་གྱི་བར་ནས་དགའ་སྐྱོ་ཆགས་སྡང་གི་སྙན་ངག་ལྷོད་པོ་རེ་གྲོལ་ཕྱིར་དུ། ངས་རྒྱུན་དུ་བསམ་བློ་གུ་ཡངས་སུ་བཞག་སྟེ་ཁྱོད་དང་ཁྱོད་ཉིད་ཅེས་པའི་ཐ་སྙད་ཅིག་མི་ཡོང་པར་ཐབས་ཤེས་མི་འདུག། ངས་ཁྱོད་རང་ཞེས་གླེང་འོང་དུས་ཅི་ཡང་འཆར་དུ་མེད་པའི་མ་འོངས་པའི་དུས་ཚོད་ག་ཤེད་ན་བདག་ཉིད་ལ་དབང་བའི་ཁྱོད་རང་ཞིག་ཡོད་པར་བརླམས་ཏེ་རྒྱུན་དུ་ཁྱོད་རང་ཞེས་པའི་ཐ་སྙད་དེ་བརྗོད་བྱར་འཛིན་པའི་སྙན་ངག་བརྩེ་བས་ཁྱབ་པ་འགའ་རེ་འབྲི་བཞིན་ཡོད། དོན་ངོ་མར་བཤད་ན་ཁྱོད་རང་ནི་བདག་གི་སྙན་ངག་གི་བླ་སྲོག་ཡིན་ལ། ཁྱོད་རང་ནི། ངའི་མཛེས་སྡུག་གི་རྩྭ་ཐང་ཞིག། ཡང་ན་རྩྭ་ཐང་གི་སྟེང་དུ་བཞད་པའི་མེ་ཏོག་དེ་ཡང་ཡིན་སྲིད།

གྲོགས་པོ་བར་ཐག་ཉེ་བ་དག་གིས་དགོད་སྒྲ་དང་མཉམ་དུ། ཁྱོད་རང་དང་། ཁྱོད་རང་ཞེས་བཤད་ཡུལ་དེ་སུ་ཡིན་པ་ཤེས་སྙིང་འདོད་ནའང་། དྲང་མོར་བཤད་ན་ངས་ཀྱང་ད་དུང་ཁྱོད་རང་སུ་ཡིན་ཤེས་ཀྱིན་མེད། ཡིན་ནའང་ཁྱོད་དང་ཁྱོད་རང་གི་མཛེས་སྡུག་ནི་བདག་གི་སྙན་ངག་ཡིན། དེ་བས་ནམ་ཡང་ངས་ཁྱོད་རང་ཟེར་བའི་ཐ་སྙད་འདི་བཀོལ་སྤྱོད་མི་བྱེད་པར་ཐབས་ཤེས་མི་འདུག་པས། ང་ཡི་འཚོ་བ་དང་། ང་ཡི་ལས་དབང་ལ་ཁ་གཡར་ཏེ་ངའི་གཟུགས་སྒྲ་ལ་གསལ་ལ་མི་གསལ་བའི་སྐད་ཆ་མང་པོ་ཞིག་གམ་འགྲེལ་བཤད་མང་པོ་མ་རྒྱག་རོགས། དེ་བས་འཇིག་རྟེན་འདིར་གསོན་ཚར་བ་ནས་བཟུང་རྙོག་འཛིང་རང་བཞིན་ཅན་གྱི་མི་ཚོགས་ཤིག་གིས། རྙོག་འཛིང་རང་བཞིན་ལྡན་པའི་འཚོ་བ་ཞིག་རོལ་དགོས་པ་ནི་ཆོས་ཉིད་ཡིན་པས། དྲང་མོར་བཤད་ན་ཧ་ལས་དགོས་དོན་མེད་པ་འདྲ། འདི་ལྟར་ད་ལྟའི་མི་ཚེའི་ཁྲོད་ཀྱི་རྙོག་འཛིང་འདི་དག་ནི། མ་འོངས་པའི་ཟིན་ཐོ་ཡིན་ལ། ད་ལྟའི་རང་ཉིད་ཀྱི་དཀའ་ཁག་ནི་སང་ཉིན་གྱི་ཉམས་མྱོང་ཡིན། དེ་བས་ཁྱོད་རང་། ནམ་ཡང་བདག་གི་བྲང་དཀྱིལ་ན་འོད་ཀོར་བཞིན་འཚེར་བའི་ཟླ་བ་ཡིན་ལ། དེ་བས་ཁྱོད་རང་ང་ཡི་རྩོམ་རིག་གི་རྒྱབ་ལྗོངས་སུ་ཚོར་ཤེས་ལྷོག་ལྷོག་ཏུ་ཁོལ་བར་འཇུག་པའི་སྙན་ངག་ཡིན། མདོར་ན་ཁྱོད་ཀྱི་མཛེས་སྡུག་ནི་ང་ཡི་སྙན་ངག་ཡིན་ལ། ཁྱོད་ཀྱི་མཛེས་སྡུག་ནི་ང་ཡི་འཚོ་བ་ཡིན།།

༼ ལྡེའུ་ནག། ༽