སྤྲིན་པ་ཁེར་འགྲོ་ཞིག་ནམ་མཁའི་གྲོང་དུ་ཉུལ་དུས།།
རླུང་བུ་ལྡོམ་པོ་ཞིག་འཁྱར་འཁྱོར་གདོང་ཐུག་བརྒྱབ་བྱུང་།།
ང་རང་བཟི་འདུག་ཅེས་འགྲོ་འདུག་བརྟན་པོ་མེད་པས།།
ཆུ་འཛིན་དཀར་པོ་ལགས་ཐུགས་ཀློང་ཡངས་པོར་མཛོད་ཟེར།།
ཅི་སྟེ་སྦྲང་ཆར་གྱི་མངའ་སྦྲུམ་སྐལ་བཟང་ལགས་ན།།
ཀྭ་ཡེ་དམུས་ལོང་ཞིག་དམིགས་བུས་བཏང་བར་ངེས་ཀྱང་།།
བདག་ཡིད་གུར་ཁང་ན་སྙིང་རྗེ་འཁྲུང་ས་མ་རེད།།
ཁྲོས་པའི་གདོང་མིག་ལ་ཐོག་འོད་ཅི་ཡང་དབྱུང་ངེས།།
ཀྱེ་མ་ཕ་ཡུལ་གྱི་རི་ལུང་སྐྱ་མདངས་མཐོང་ན།།
སྦྲང་ཆར་བསིལ་མ་ཞིག་ཤག་ཤག་འཇོ་བར་སེམས་མོད།།
བདག་ལུས་བུས་པ་ལ་སྨུག་ཞག་མ་མ་དབེན་པས།།
མིག་ཆུ་དྲོན་མོ་ཡིས་འཛིན་མའི་ངོ་གདོང་མ་ཁེབས།།
ཁོ་བོ་ཅི་དགའ་རུ་མཁའ་ལ་བགྲོད་པ་བདེ་ཡང་།།
ཆུ་ཁུར་མཚན་ཅན་གྱི་ཆོ་ལོ་བདག་ལ་མངའ་བས།།
སྐམ་རིད་ས་སྟེང་ལ་འཛུམ་པའི་རྒྱན་ཕྲེང་མེད་ཕྱིར།།
མི་བཟད་སྐྱེངས་པ་ཡི་ཁུར་ཆེན་བདག་གིར་བཞེས་སོ།།
༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽
