ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6པའི་ཚེས3ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ6པའི་ཚེས13ཉིན་ནི2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་ཞིང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གྲོས་འགོ་བཏོན་འོག་ས་གནས་ཁག་གི་རིག་དངོས་སྡེ་ཚན་དང་རིག་དངོས་དངོས་མང་ཁང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་དྲྭ་ཐོག་དང་དྲྭ་ཕྱི་བྱེད་སྒོ7000ལྷག་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ལ། དེའི་ནང་རིག་དངོས་དམངས་ཕན་ཞབས་ཞུའི་གྲངས་འབོར3400ལྷག་ཡོད་པ་དེས་རིག་དངོས་དངོས་མང་ཁང་གི་ལས་རིགས་ཀྱི་ཁྱད་ཆོས་མངོན་པ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏང་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་གྲོང་ཁྱེར་གྱི་བྱེད་སྒོའི་ཚོགས་ར་གཙོ་བོ་དེ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ཞིང་། རྒྱལ་ཁབ་རིག་དངོས་ཅུས་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱ་རྒྱུ་ཡིན་པ་རེད། གྲོང་ཁྱེར་བྱེད་སྒོའི་ཚོགས་ར་གཙོ་བོར་བྱེད་སྒོའི་གཙོ་དོན་ལ་དམིགས་ནས་དྲིལ་སྒྲོག་བཤམ་སྟོན་དང་། འདེམས་སྒྲུག་འོས་སྦྱོར་དང་འབྲེལ་ཡོད་ཁྱབ་སྒྲོག་རབ་དང་རིམ་པ་སྤེལ་ཏེ། ལས་རིགས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་པ་དང་སྤུས་ལེགས་གྲགས་རྟགས་ཁྱབ་སྤེལ་བྱ་རྒྱུ། གྲོང་ཁྱེར་བྱེད་སྒོའི་ཚོགས་ར་གཙོ་བོའི་འགོ་འཛུགས་མཛད་སྒོ་སྤེལ་བ་དང་། རིག་གནས་ནི་མི་དམངས་ལ་དབང་ཞིང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཙོ་དོན་གླེང་སྟེགས་དང་རིག་དངོས་ཚན་རྩལ་གསར་གཏོད་གླེང་སྟེགས་སྐབས་དྲུག་པ་སོགས་སྤེལ་རྒྱུ་ཡིན་པ་རེད།
གྲོང་ཁྱེར་གྱི་བྱེད་སྒོ་གཙོ་གཉེར་ཞིང་ཆེན་ཞིག་ཡིན་པའི་ཆ་ནས་ཧུའུ་པེ་ཡིས་རིག་དངོས་འགྲེམ་སྟོན་དང་ཆེད་དོན་འཆད་ཁྲིད། ཞིབ་སློབ་ལག་ལེན། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག། རིག་འཆར་ཐོན་རྫས་བཤམ་སྟོན། མཉམ་སྐུལ་མྱོང་རོལ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། གྲོང་ཁྱེར་དང་ཁུལ་ཁག་གིས་ཁྱད་ཆོས་བྱེད་སྒོ་བརྒྱ་ལྷག་དུས་གཅིག་ཏུ་སྤེལ་ཏེ། ཅིང་ཁྲུའུ་རིག་གནས་དང་གསར་བརྗེ་རིག་གནས་ཀྱི་ཐོན་ཁུངས་གང་ལེགས་སྔོག་པ་དང་ཆབས་ཅིག། སྒོ་འཛིན་ཆག་པ་དང་རིན་མེད་འགྲེལ་བཤད་སོགས་དམངས་ཕན་བྱེད་ཐབས་ཀྱང་སྤེལ་རྒྱུ་རེད། ཝུའུ་ཧན་གྲོང་ཁྱེར་གྱིས་རིག་གནས་རྒྱུན་སྐྱོང་དང་འབྲེལ་བའི་ལེ་ལག་བྱེད་སྒོ་ཁག12དང《འབྲི་ཆུ་རིག་གནས་ཀྱིས་སྐྱོང་བའི་ཝུའུ་ཧན》སོགས་ཆེད་དོན་འགྲེམ་སྟོན་ཁག6སྤེལ་ནས་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐོང་རྒྱུ་ཡིན་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
