国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དང་སི་ཁྲོན་ཡུལ་སྐོར་སློབ་གླིང་བར་སྤེལ་རེས་ བཞུགས་མོལ་ཚོགས་འདུ་འཚོགས།

( པར་ངོས་དང་པོར་མཐུད།)ཁོང་གིས་ཡུན་རིང་པོར་སི་ཁྲོན་ཡུལ་སྐོར་སློབ་གླིང་གིས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་བརྩེ་སེམས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ་དཔལ་ཡུལ་རྫོང་ལ་དམིགས་འཛུགས་རོགས་སྐྱོར་དང་། དར་མདོ། འབའ་ཐང་། སྡེ་རོང་བཅས་ཀྱི་འབྲེལ་ཡོད་རིག་གནས་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་བཟོ་རྒྱུར་མཛུབ་ཁྲིད་བྱེད་ཅིང་། རང་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པས་མཐོ་སློབ་ཀྱིས་ས་གནས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གང་ལེགས་མངོན་ཡོད། མིག་སྔར་དཀར་མཛེས་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཁྱད་ཆོས་ལྡན་པའི་ལེགས་ཆ་ཐོན་ལས་ཆེན་པོ་གསུམ་གྱི་ཨང་དང་པོར་བརྩིས་ནས་བསྐུལ་ཏེ། རྒྱལ་སྤྱིའི་མཐོང་རྒྱ་དང་འཛམ་གླིང་གི་མིག་རྒྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་མགྱོགས་སུ་སྐྲུན་བཞིན་ཡོད། སི་ཁྲོན་ཡུལ་སྐོར་སློབ་གླིང་གིས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཀྱིས་ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་བཞུགས་མོལ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་དང་། མཉམ་དུ་ཐོན་རྫས་ཞིབ་འཇུག་གསར་སྤེལ། མཉམ་དུ་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ། མཉམ་དུ་མཉམ་ལས་སྟེགས་བུ་བསྐྲུན་པ་སོགས་ཀྱི་ཐད་མཉམ་ལས་གང་ལེགས་བྱས་ནས་སློབ་གྲྭ་དང་ས་གནས་མཉམ་འགུལ་དང་། ཐོན་སྐྱེད་དང་སློབ་ཁྲིད་མཉམ་འདྲེས། གཉིས་ཕན་མཉམ་ཁེ། ཡུན་རིང་བརྟན་བརླིང་བཅས་ཀྱི་ལས་ཀའི་གནས་བབ་གསར་པ་བཙུགས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལེའུ་གསར་པ་མཉམ་དུ་འབྲི་བའི་རེ་བ་ཡོད་ཅེས་གསུངས།

ཀྲང་ཞུའེ་ལུང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས། ཁོང་གིས་ང་ཚོས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དགོས་མཁོར་དམ་པོར་གཞིགས་ནས་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་སྤུས་རྟགས་མ་ལག་འཛུགས་སྐྱོང་དང་། སྦག་མེད་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་སྟངས་འཚོལ་ཞིབ། རིག་གནས་ཡུལ་སྐོར་དང་ཐོན་ལས་མཉམ་འདྲེས་ལ་སྐུལ་བ། ས་གནས་དེ་གའི་ཆེད་ལས་རིག་གནས་ཡུལ་སྐོར་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ཤུགས་སྣོན་དང་རོགས་འདེགས་བྱས་ནས་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་བསྐུལ་ཏེ། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་མཐོ་སློབ་ཀྱི་སྟོབས་ཤུགས་དེ་བས་ཆེ་བ་བྱས་རྗེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།

བཞུགས་མོལ་ཚོགས་འདུར་ཕྱོགས་གཉིས་པོས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་དང་ཚོགས་ཞུགས་མི་སྣས་སློབ་གྲྭ་དང་ས་གནས་ཤེས་ལྡན་མི་སྣ་མཐུན་སྦྱོར་སྔར་ལས་ལྷག་པར་གསོ་སྐྱོང་དང་། རིག་གནས་ཡུལ་སྐོར་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཐུན་མོང་ཐོག་སྐུལ་བ། ཁྱད་ལྡན་རིག་གནས་ཡུལ་སྐོརIPགཏོད་པ། ལག་ལེན་སློབ་ཁྲིད་རྟེན་གཞི་མཉམ་དུ་སྐྲུན་པ་སོགས་ཀྱི་ཐད་ལ་སྤེལ་རེས་བྱས་ཡོད།།

( ལྷ་འཛོམས་དང་བདེ་ཆེན་གྱིས་བསྒྱུར།)