国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་བྱས།། དཔལ་འབྱོར་དང་ནི་སྤྱི་ཚོགས་ཕན་འབྲས་མཉམ་དུ་ཐོབ།།

སྡེ་དགེ་ཡིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་བཏོད།

དབྱར་གྱི་དུས་བཟང་ཤར་ནས་ས་གཞི་ཀུན་ཏུ་སྔོ་མདངས་རྒྱས་ཤིང་གསོན་ཤུགས་ཁེངས་པ་དང་བསྟུན་ནས་རང་ཁུལ་དུ་ཡུལ་སྐོར་བ་མང་བའི་དུས་སྐབས་ཡག་ཤོས་སླེབས་ཤིང་། སྡེ་དགེ་པར་ཁང་གི་ཕྱིའི་ཐང་ཆེན་དུ་ཡོད་པའི་རིག་གནས་ཤུལ་བཞག་ཨང་ཀིའི་མྱོང་རོལ་ཁང་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་བཀུག། ཤུལ་བཞག་དེ་བཞེངས་ནས་དུས་ཡུན་རིང་པོ་སོང་མེད། ཧྲཱན་ཞི་ནས་ཡོང་བའི་ཡུལ་སྐོར་བ་མ་ཝུའེ་ཁྲའོ་ཡིས་ཨང་ཀིའི་མྱོང་རོལ་ཁང་ལ་ལྟ་སྐོར་ཞིབ་ཚགས་བྱས་རྗེས་ད་དུང་བློ་ཁ་ཡོངས་སུ་གང་མེད། ས་གནས་དེ་གའི་ཡུལ་མི་ཚོའི་ཁ་ནས་ཨང་ཀིའི་མྱོང་རོལ་ཁང་དང་ཐག་མི་རིང་བའི་སར་ད་དུང་ཤིང་བརྐོས་སློབ་སྦྱོང་རྟེན་གཞི་ཞིག་ཡོད་པ་ཤེས་རྗེས་མ་ཝུའེ་ཁྲའོ་ཡིས་གོམས་པའི་འདེགས་འཇོག་དེའི་ཕྱོགས་སུ་མགྱོགས་པོར་བསྒྱུར།

སྡེ་དགེ་རྫོང་ཨུའི་རྒྱུན་ཨུ་དང་། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ཡུང་གིས་རིག་གནས་ཤུལ་བཞག་ཡུན་རིང་ཉར་ཚགས་དང་གསོན་རྣམ་འགྲེམ་སྟོན་བྱེད་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་བསྣན་རྒྱུ་ནི་ང་ཚོས་སི་ཁྲོན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཚོད་ལྟ་གཉིས་ཞེས་པའི་གོ་སྐབས་བེད་སྤྱོད་དང་འཚོལ་ཞིབ་བྱས་པའི་ཉམས་མྱོང་དང་བྱེད་ཐབས་ཁག་གཅིག་རེད་ཅེས་བཤད།

སི་ཁྲོན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཚོད་ལྟ་གཉིས་ཞེས་པ་ནི་ལོ་རྒྱུས་རིག་གནས་ཤུལ་བཞག་ཕྱོགས་བསྡུས་སྲུང་སྐྱོང་བེད་སྤྱོད་ཀྱི་རྫོང་ཁོངས་ཚོད་ལྟ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ས་ཁོངས་ཚོད་ལྟ་ལ་ཟེར་ཞིང་། 2024ལོའི་ལོ་མཇུག་ཏུ་བདམས་པའི་ཚོད་ལྟའི་ས་ཁོངས་ཤིག་ཡིན་པའི་ངོས་ནས་ལོ་གཅིག་ལྷག་གི་རིང་ལ་སྡེ་དགེ་རྫོང་གི་མི་རིགས་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཁྱད་ཆོས་ས་ཁོངས་ལ་འཕེལ་རྒྱས་དང་ཕན་འབྲས་གང་དག་ཐོབ་ཡོད་པའི་སྐོར་རྒྱུས་ལོན་ཞིག་བྱ་ཆོག།

ཁང་གཅིག་དང་མཛོད་གཅིག་ཟུང་དུ་སྦྲེལ་བ་དང་ཞིབ་སློབ་དང་སྤེལ་རེས་ཟུང་འབྲེལ་བྱས་ནས་གནའ་བོའི་པར་ཤིང་དང་པར་བརྐོ་མཁན་རྒྱུན་སྲིང་ཐུབ་པར་བྱས།

མ་ཝུའེ་ཁྲའོ་ཡིས་སྡེ་དགེ་པར་ཁང་ངོ་མ་ཧ་ལས་པ་རེད་ཀྱང་ཆུ་ཚོད་གཉིས་ཙམ་ལས་བལྟ་རྒྱུ་མི་འདུག་ཅེས་བཤད་ཞོར་པར་ཁང་ནས་ཕྱིར་ཐོན་པའི་སྐབས་སྔར་བཞིན་འདོད་བློ་མ་ཚིམ་པར། འགྲམ་དུ་ཡོད་པའི་སྡེ་དགེ་རིག་གནས་ཤུལ་བཞག་ཨང་ཀིའི་མྱོང་རོལ་ཁང་བསྐྲུན་ཟིན་པར་མ་ཟད་ལྟ་སྐོར་བྱེད་ཆོག་པ་མཐོང་སྐབས་འཕྲལ་མར་ཨང་ཀིའི་མྱོང་རོལ་ཁང་དེ་རང་ཉིད་ཀྱི་ཡུལ་སྐོར་ཐབས་ཇུས་ཀྱི་གྲས་སུ་བཙུད།

《བཀའ་འགྱུར》པར་འདེབས་ཀྱི་གནའ་བོའི་པར་ཤིང་དངོས་གནས་སྤྱོད་མཚམས་གཞག་དགོས་ཀྱིན་འདུག། འདི་ཚོ་ནི་རིག་དངོས་རྩ་ཆེན་ཡིན་པས་དེའི་གདོད་མའི་རྣམ་པ་སོར་འཇོག་བྱ་དགོས་ཞེས་བཤད་ཞོར་དུ་མ་ཝུའེ་ཁྲའོ་ཡིས་ཨང་ཀིའི་མྱོང་རོལ་ཁང་ལ་ལྟ་སྐོར་བྱས་ནས་ས་གནས་དེ་གའི་གནའ་བོའི་པར་བརྐོས་ཨང་ཀི་ཅན་གྱི་དཔེ་དབྱིབས་བཟོ་སྟངས་ལ་བསྔགས་བརྗོད་བྱས་པ་རེད།

རྫོང་ཨུ་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མྱོང་རོལ་ཁང་གཅིག་ནས་སྡེ་དགེ་ལ་ལྟ་བའི་ཨང་ཀིའི་འགྲེམས་ཁང་དུ་གནའ་བོའི་པར་འདེབས་ཨང་ཀི་ཅན་དང་དངོས་པོ་བསྐྱར་བརྐོས་ཐབས་གཉིས་མཉམ་སྤྱོད་བྱས་ཡོད། དན་གྲངས་མཛོད་ཁང་གཅིག་གི་སྙིང་བཅུད་ཀྱི་ཐོན་ཁུངས་མཛོད་དུ་གནའ་བོའི་པར་གཞི300ཡི་དན་གྲངས་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་ཕྱོགས་བསྡུས་སྲུང་སྐྱོང་བེད་སྤྱོད་ཀྱི་རྫོང་ཁོངས་ཚོད་ལྟ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ས་ཁོངས་ཚོད་ལྟ་གཉིས་སུ་བདམས་པའི་ལོ་གཅིག་ལྷག་རིང་ལ། སྡེ་དགེ་རྫོང་གིས་རིག་གནས་ཤུལ་བཞག་ཡུན་རིང་ཉར་ཚགས་དང་གསོན་རྣམ་བརྒྱུད་འཛིན་ཐུབ་ཡོད་ཅེས་བཤད།

ཨང་ཀི་མྱོང་རོལ་ཁང་ལ་ལྟ་སྐོར་བྱས་རྗེས་མ་ཝུའེ་ཁྲའོ་སླར་ཡང་རྫོང་མཁར་གྱི་ས་བབ་མཐོ་ཕྱོགས་སུ་ཡུད་ཙམ་སོང་རྗེས་སྡེ་དགེ་རྫོང་ཁམས་ལུགས་པར་བརྐོས་སློབ་སྦྱོང་རྟེན་གཞིར་ཐོན་པ་རེད། ཁོང་གིས་ངས་ས་གནས་དེ་གའི་ཡུལ་མིས་ངོ་སྤྲོད་བྱས་པ་ལས་ཤེས་པ་ཡིན། དེ་སྔོན་འཁྱུག་དབྱིངས་ནང་ནས་ཀྱང་མཐོང་མྱོང་ཡོད་ཅེས་བཤད་ཞོར་དུ་སྒོ་ཆེན་བརྒྱུད་དེ་ཐོག་བརྩེགས་གཉིས་པའི་ཐོག་ཁང་ཆུང་ངུ་ཞིག་ཏུ་སླེབས། ཁང་པའི་ནང་དུ་ཐོན་སྐབས་ན་གཞོན་བཅུ་ལྷག་ཙམ་སྒེའུ་ཁུང་འགྲམ་དུ་བསྡད་ནས་བློ་རྩེ་གཅིག་བསྒྲིམས་ཀྱིས་པར་ཤིང་རྐོ་བཞིན་ཡོད་པའི་རྣམ་པས་མ་ཝུའེ་ཁྲའོ་ལ་བག་ཆགས་ཟབ་མོ་བཞག།

གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་དང་རྟེན་གཞིའི་དགེ་རྒན་བཀྲ་རྡོ་ཡིས་གསར་འགོད་པར་དེ་སྔོན་སློབ་མ་ཚོར《བཀའ་འགྱུར》གྱི་པར་ཤིང་བརྐོས་པའི་སློབ་ཁྲིད་བྱེད་པ་ཙམ་ཡིན་མོད། ད་ཆ་རྟེན་གཞིའི་ནང་སློབ་ཁྲིད་བྱ་རྒྱུ་ཕུད་ད་དུང་སློབ་མ་ཚོ་ཕྱི་ལ་སློབ་སྦྱོང་བྱེད་སར་འགྲོ་བཞིན་ཡོད། ཚོད་ལྟ་གཉིས་ཀྱི་གྲས་སུ་བདམས་རྗེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ་ཁག་ཅིག་ཞིང་ཆེན་ཕྱི་རོལ་དུ་སློབ་སྦྱོང་བྱེད་པར་བསྐྱལ་བས་ཤེས་ལྡན་མི་སྣའི་མཐོང་རྒྱ་ཆེ་རུ་ཕྱིན་ཞེས་བཤད།

ཁུལ་རིམ་པའི་པར་བརྐོས་བརྒྱུད་འཛིན་པ། སྡེ་དགེ་པར་ཁང་གི《བཀའ་འགྱུར》བསྐྱར་དཔར་ལས་གཞིའི་འགན་འཁུར་བ་འཇམ་དབྱངས་གྲགས་པས་ང་ཚོས་ཞིབ་སློབ་དང་སྤེལ་རེས་ཟུང་འབྲེལ་གྱི་ལམ་སྲོལ་འཚོལ་ཞིབ་བྱེད་ཀྱིན་ཡོད། སྤེལ་རེས་ནི་སློབ་སྦྱོང་བྱེད་སར་བསྐྱལ་རྒྱུ་དེ་ཡིན། ཞིབ་སློབ་ཁྲོད་ཀྱི་ཞིབ་ཅེས་པ་ནི་ཞིབ་འཇུག་སློབ་སྦྱོང་གི་དོན་ལ་གོ་ཞིང་། གཟུགས་མེད་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་རྒྱུ་དེ་ཡིན། ལོ་ཤས་རིང་རྫོང་གིས་བོད་ཡིག་ཡིག་གཟུགས་དང་ཀརྨ་སྒར་བྲིས་སོགས་སློབ་གྲྭ་ཆུང་འབྲིང་གི་ཁྱད་ལྡན་སློབ་ཚན་ནང་བཅུག་ནས་བྱིས་པ་ཚོས་ལག་ལེན་གྱི་ཁྲོད་དུ་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཉེ་བར་བཅར་དུ་བཅུག་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་ཤེས་ལྡན་མི་སྣ་འདེགས་སྐྱོར་བྱ་རྒྱུར་རྨང་གཞི་བརྟན་པོར་བཏིང་ཡོད་ཅེས་གསར་འགོད་པར་བཤད།

སྤུས་རྟགས་དང་ཁྱབ་སྤེལ་སྦྲེལ་བ་དང་གཟུགས་མེད་རིག་གནས་ཤུལ་བཞག་དང་ཐོན་ལས་ཟུང་འབྲེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོབ།

ལོ་རྒྱུས་རིག་གནས་ཤུལ་བཞག་ཕྱོགས་བསྡུས་སྲུང་སྐྱོང་བེད་སྤྱོད་ཀྱི་རྫོང་ཁོངས་ཚོད་ལྟ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ས་ཁོངས་ཚོད་ལྟ་གཉིས་ཀྱི་བླང་བྱ་ལྟར་ན། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱ་དགོས་པར་མ་ཟད། ས་གནས་དེ་གའི་སྤྱི་ཚོགས་དཔལ་འབྱོར་དང་ཡང་མཐུན་སྦྱོར་འཕེལ་རྒྱས་ཡོང་དགོས་པ་བཤད་ཡོད། ཐབས་གཉིས་མཉམ་སྤྱོད་ཇི་ལྟར་བྱ་དགོས་པའི་ཐད་ལ་སྡེ་དགེ་རྫོང་གིས་ལག་ཤེས་བཟོ་རྩལ་གྱི་འབྱུང་ཡུལ་ཏེ་སྨན་ཤོད་གྲོང་རྡལ་གཙོ་བོར་བྱས་ཏེ་རྫོང་ཡོངས་ལ་མཉམ་སྐུལ་ཡོང་བ་བྱས་ཡོད།

སྨན་ཤོད་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་རིན་ཆེན་གྱིས་ཚོད་ལྟ་གཉིས་ཀྱི་རིང་ལ་སྨན་ཤོད་ལག་ཤེས་པའི་གྲགས་རྟགས་ཕྱིར་མཆེད་དེ་སྔ་ཕྱིར་ཧྲང་ཧའེ་དང་ཁྲེང་ཏུའུ་སོགས་སུ་འགྲེམས་སྟོན་བྱས་པ་དང་ཕྱིར་འཚོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི63ལ་ཟིན་པས་སྡེ་དགེ་རིག་གནས་ཀྱི་ས་ཁོངས་ཤུགས་རྐྱེན་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཆེད་ལས་ཚོགས་པའི་གཉེར་སྐྱོང་དང་གཙོ་རྒྱུན་འཕྲིན་སྦྱོར་གྱི་དྲིལ་སྒྲོག་ལ་བརྟེན་ནས་སྨན་ཤོད་ལག་ཤེས་དང་ལག་ཤེས་བརྒྱུད་འཛིན་པའི་གྲགས་རྟགས་བརྒྱུད་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོབ་ཡོད་ཅེས་བཤད་པ་རེད།།

( རྟ་མགྲིན་རྡོ་རྗེས་བྲིས།)