国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་བའི་སྙན་ཚིག།

སྣང་བའི་བྲོ་གར་འཁྲབ་པའི་པདྨའི་ཚལ།།

དགའ་མ་འཛུམ་པའི་ཀུ་མུ་ད་ཡི་ཞལ།།

གཡུ་ཆུང་ཟླ་བ་མ་ཡིན་འཛུམ་མིན་པས།།

སྨུག་པ་ལང་ལོང་སེམས་པའི་གཤིས་ལ་འཐིབས།།

ཆུ་ཟིལ་གྱིས་མྱོས་འགོ་ལྕོག་ལྡེམ་ལྡེམ་གྱི།།

དཔྱིད་ལ་བཞད་པའི་མེ་ཏོག་འདབ་སྟོང་ཉིད།།

བརྩེ་བའི་སྟངས་སྟབས་མངོན་པའི་སྒེག་པ་ཡིས།།

སྤང་ལ་མ་བཞད་སྙིང་གི་དཀྱིལ་ལ་ཚེས།།

ཞེ་ཡི་མཚོ་མོ་གཡས་སུ་འཁྱིལ་བ་དང་།།

དེ་གར་བཞད་པའི་འདབ་རྫོགས་པདྨ་ལ།།

འདམ་གྱིས་མ་གོས་མཛེས་སྡུག་ཅི་དགར་ངོམས།།

བཞད་པའི་ཡུན་ལ་ཨ་གསར་གྱིས་སྟོངས་ཤོག།

ཉིད་ཀྱིས་ཁོ་རང་སྙིང་གི་དཀྱིལ་ལ་ནི།།

བཟུང་ནས་ནམ་ཞིག་ཕྱི་ཐག་ལྷོད་བྱས་ན།།

སྣང༵་བའི་ནམ་མཁར་གཡོ་བའི་ཉི་ཟླ་ཡིས།།

དག༵འ་བ་མཚོ་མོར་སྐྱུར་བའི་སྲིད་པའི་གཏམ།།

དགའ་སྐྱོའི་ཚོར་འདུ་སྐྱེན་པོའི་ཧྲག་བར་ནས།།

ལས་སྣང་གསར་དུ་བཤད་པའི་མེ་ཏོག་ཚེས།།

མགུལ་ན་ལྷོ་འུར་འཁྱུད་པའི་རི་བོའི་གཤམ།།

ལས་འཕྲོའི་དམ་ཚིག་སྲུང་བའི་སྡུ་གུ་མ།།

བྱ་ཁྱུའི་བསྟར་ཕྲེང་ལྷོ་རུ་ཕྱོགས་པ་ཡིས།།

དྲན་འཛིན་བུ་གར་སྣང་བའི་སྲིད་པ་ཆགས།།

ཁོ་བོའི་ཡི་གར་བཞེངས་པའི་ཁྱོད་ཉིད་ནི།།

ལས་ཀྱི་ཁུད་དུ་འབབ་པའི་གཙང་པོ་ཉིད།།

གཤིས་ལ་ལྷོད་ཆགས་ཡིད་འོངས་སྒེག་མོ་མ།།

ལོ་ཟླའི་འགྲོས་ལ་བརྩེ་བས་འཁྱུད་མོ་རྒྱབ།།

སྔོན་གྱི་བསགས་འབྲས་ཕྱེད་ཀ་འདིར་ཟད་ཀྱང་།།

བརྩེ་བའི་གཤོག་ཟུང་འཇུས་ལ་སྐལ་བས་དབེན།།

ཟླ་བའི་ངོགས་ན་སྤྲིན་པ་ཐར་ཐོར་རྒྱུ།།

བརྩེ་བས་བསླུས་བའི་སེམས་པ་ཆུ་བོའི་གཞུང་།།

ཁྱོད་ཞལ་པདྨོར་བདག་སེམས་བུང་བའི་ཚོགས།།

ཡང་ཡང་འཁོར་བ་སྲིད་པའི་དཔེ་ལ་ཆགས།།

ཁུ་སིམ་མཚན་ལྗོངས་སྲིད་པའི་འཆར་ཡན་རྒོད།།

དོན་འགྲུབ་ལྷ་ཡིས་བདག་ཟུང་བརྩེ་བས་བསྐྱངས།།

སེམས་སོང་སྒྲོལ་མ་རྟོག་འགྱུའི་ཁུད་ན་མཛེས།།

སེམས་ཀྱི་རི་སུལ་ཉུལ་ལ་དེ་བས་སྤྲོ།།

ཡང་དག་འགྲོགས་ལ་བར་ཆད་རྡུལ་རླུང་འཚུབ།།

སོ་སོར་བྲལ་ལ་སེམས་པའི་སྟེང་འོག་བརྗེས།།

ལས་དབང་ཆུ་ལ་སྐྱུར་བར་མ་བཟོད་པས།།

ཨུ་ཚུགས་སྒྲོམ་ལ་ཁོ་བོ་ཡང་ཡང་བཅུག།

སེམས་ཀྱི་སྤྲིན་པ་ལས་ཀྱི་རླུང་བུས་དེད།།

ཁྱོད་ཞལ་པདྨོ་ལྷ་མོའི་རྗེས་ཆགས་པ།།

ཞེན་ཆགས་མེ་ཏོག་བཞད་སའི་ཁྱོད་ཉིད་ལས།།

ཡིད་ཀྱི་མཁའ་རུ་འཛུམ་པའི་ཟླ་བ་གང་།།

༼ པུར་རྒྱལ་བ། ༽