ཡིད་ཀྱི་ནགས་ཀློང་སྟུག་པོའི་མཛེས་ཚལ་དུ།།
ཚོར་འདུ་གདངས་དབྱངས་སྙན་སྒྲོག་ཀོ་ཀུ་ལ།།
སྐྱོ་དུབ་ཆུ་འཛིན་སེལ་བྱེད་དབྱངས་ཅན་ལྷའི།།
སྙན་དབྱངས་རྒྱུད་མངས་དཀྲོལ་ལས་སྤྲུལ་པ་བཞིན།།
ལང་ཚོའི་འཁྲི་ཤིང་ལྡེམ་པའི་མཛེས་སྡུག་རྩེར།།
མཐོན་མཐིང་རལ་བའི་མེ་ཏོག་འདབ་མ་མཛེས།།
དཀར་འཇམ་ཞལ་གྱི་མཆུ་སྒྲོའི་གེ་སར་ལས།།
ལེགས་གསུང་གཏམ་གྱི་སྦྲང་རྩི་བར་མེད་འཁྱིལ།།
ཁྱེད་སྐུ་གནམ་རུའི་དབྱིབས་ལ་རབ་འཁྱུད་པའི།།
ཡན་ལག་ལྕུག་ཕྲན་གཡོ་བའི་འདུ་བྱེད་བཅས།།
སྙན་ཚིག་ཟིལ་དངར་བདུད་རྩིའི་ཟེགས་མ་རེ།།
བདག་ཡིད་རྫ་བུམ་སྣོད་དུ་གཏམས་པར་མཛོད།།
ཁྱོད་གདོང་ཟླ་འོད་འཛུམ་པའི་དཀྱིལ་འཁོར་དུ།།
དཀྱུས་རིང་སྤྱན་གྱི་ཨུཏྤལ་རབ་མཛེས་པ།།
མཆུ་སྒྲོའི་འདབ་མ་དམར་བའི་གེ་སར་དབུས།།
ལྗགས་ཡངས་གློག་དམར་འཁྱུག་ལས་སྙན་ཚིག་འབེབས།།
སྙན་ཚིག་རོ་བརྒྱ་འཛིན་པའི་ཐུགས་མཚོ་ལས།།
རྣམ་པར་གྲོལ་བའི་གཙུག་ལག་པདྨའི་ཕྲེང་།།
ཅི་དགར་རོལ་བའི་གདུལ་བྱ་ངང་མོའི་ཚོགས།།
དད་དང་བརྩོན་པའི་འདུན་པ་ལྡོག་མེད་རྒྱུ།།
དྭངས་བསིལ་ཆུ་མཚོའི་པད་དཀར་ལྟེ་བ་ན།།
དངུལ་དཀར་མེ་ལོང་ལན་བརྒྱར་ཕྱིས་པའི་སྐུ།།
རོལ་སྒེག་ཉམས་ལྡན་རྒྱལ་ཡུམ་ངག་གི་ལྷ།།
རྒྱུ་སྐར་དབུས་ན་མཚན་མོའི་མགོན་བཞིན་མཛེས།།
ངག་རིག་ལང་ཚོ་འཛིན་པའི་ཀུ་མུ་དར།།
རྗེས་ཆགས་མིག་གི་ཟླ་འོད་ལྷུང་བ་ཡིས།།
སྙན་པའི་ཉམས་བརྒྱའི་འདབ་སྟོང་འཛུམ་པར་བཞད།།
བགྲང་ཡས་ཚིག་གི་དྲི་བསུང་ཡང་ཡང་རྒྱུ།།
བདེ་འབྱུང་གཙུག་རྒྱན་དྲི་མེད་དྭངས་གསལ་མཁར།།
ལྷག་ཚེ་ཁྱེད་ཞལ་སྙམ་ནས་རྗེས་སུ་འབྲངས།།
གཙང་ཆབ་ལྷུང་ལྷུང་བཞུར་བའི་སྒྲ་དབྱངས་དེར།།
ཁྱེད་གསུང་འཕང་འགྲོའི་དབྱངས་སུ་ཡང་ཡང་སེམས།།
མཁྱེན་བརྩེའི་ཆུ་འཛིན་གཡོ་བའི་ཟློས་གར་ལས།།
གསུང་གི་གྲུ་ཆར་འཇོ་བའི་རྩེད་འཇོ་མཐོང་།།
ཁྱོད་སྐུ་ཤེལ་གྱི་ལྕུག་ཕྲན་ཡིད་འཕྲོག་དེ།།
མཐོང་བར་བསྒྲིབས་པའི་རྨོངས་མུན་འདི་ཅི་ཞིག།
ཁྱོད་ཞལ་པདྨ་ཚར་དུ་དངར་བ་དེར།།
ལྟ་འདོད་ཁོ་བོའི་ཡིད་ལ་ལྕི་ཆེ་ཡང་།།
ལས་དབང་མུན་པའི་ཡོལ་བ་མཐུག་ཆེ་བས།།
མཐོང་བའི་གོ་སྐབས་མེད་འདི་སྐལ་བ་དམན།།
དེ་ལྟར་སྣ་ཚོགས་ལས་ཀྱིས་གཙེས་ན་ཡང་།།
ཚ་བས་ཉེན་པའི་ལག་ལྡན་པད་མཚོར་དང་།།
ཆུ་སྐྱེས་གཞོན་ནུས་ཉི་མའི་ཟེར་བསྙེགས་ལྟར།།
ཁྱེད་སྐུ་འཚོལ་བའི་ངལ་བ་བདག་གིས་བྱེད།།
ཁྱེད་སྐུ་ཉི་ཟེར་ཁུ་བས་ཡོངས་སྨིན་པའི།།
བདག་ཡིད་ཨུཏྤལ་ནགས་ཀློང་ལྟེ་བ་རུ།།
སྙན་ཚིག་སྦྲང་རྩིའི་འདབ་བརྒྱ་དགོད་པའི་སླད།།
བྱིན་རླབས་དྲོད་ཀྱི་སྣང་བ་ཆད་མེད་སྩོལ།།
༼ བདེན་མྱིག། ༽
