国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུང་བརྗོད་པདྨའི་ཟློས་གར།

མི་ཚེ་ཕྲ་མོའི་ཟློས་གར་འཁྲབ་པའི་པདྨའི་སྤྱན་གཟིགས་འཛུམ་ནས་ཐལ། །

སེམས་པ་དམར་ཆུང་མདའ་བཞིན་ཟུག་ནས་སྨིན་ལེགས་དགའ་མར་ཤོར་ནས་ཐལ། །

རི་རྩེའི་སྤྲིན་དཀར་དགའ་མར་དྲན་ནས་རྒྱང་རིང་ནམ་མཁར་འཕུར་ནས་ཐལ། །

དབྱངས་ཀྱི་ཟེགས་མ་མཁའ་རུ་འཇོ་ནས་སྤྲིན་གྱི་མེ་ཏོག་སྙིལ་ནས་ཐལ། །

ཡབ་ཅིག་ལྷ་མོ་པདྨར་འཛུམ་ནས་འགྲོ་དྲུག་འཁོར་བ་དོར་ནས་ཐལ། །

ན་ཆུང་བུ་མོའི་གསང་བ་ཡིབ་ནས་འབྲུག་པ་ཀུན་དགས་མྱངས་ནས་ཐལ། །

སྨིན་གྲོལ་ཐར་བའི་གོ་འཕང་འདོད་ནས་ཨ་མ་རྒན་མོ་གྲོལ་ནས་ཐལ། །

གསང་སྔགས་རྒྱལ་པོའི་ཉམས་ལེན་འདི་ནས་སྨིན་ལེགས་བརྟུལ་ཞུགས་བླངས་ནས་ཐལ། །

སེམས་དང་སེམས་པའི་བུང་བ་རྩེ་ནས་གེ་སར་གདོང་ལ་འཁྱུད་ནས་ཐལ། །

ཆུ་དང་ཆུ་བུའི་རྒྱུན་ལས་དྲངས་ནས་བརྩེ་དུང་འོ་མ་འཁྱིལ་ནས་ཐལ། །

ལང་ཚོ་ལང་ཚོའི་མེ་ཏོག་བཞད་ནས་སྒེམ་ཉམས་དཔལ་དུ་རོལ་ནས་ཐལ། །

འཚོ་བ་འཚོ་བའི་བདེ་དགའ་མྱངས་ནས་འཇིག་རྟེན་འཁོར་བ་བཟུང་ནས་ཐལ། །

སྐྱིད་སྡུག་འཁོར་བའི་དགའ་བདེའི་ཀློང་ནས་མཚར་སྡུག་ལང་ཚོ་བཞད་ཀྱང་ཐལ། །

ལས་དབང་ཕྲ་མོའི་བདེན་རྫུན་ཀློང་ནས་མི་ཚེ་གློག་འགྱུར་འཁྱུག་ཀྱང་ཐལ། །

ན་གཞོན་ཕོ་མོའི་བརྩེ་དུང་སེམས་ནས་མི་འགྱུར་ཁ་དན་བཞག་ཀྱང་ཐལ། །

དུང་བརྗོད་པདྨའི་ཟློས་གར་རེ་ནས་ཚོར་བ་ཤག་ཤག་བཏབ་ཀྱང་ཐལ། །

མཛེས་ཕྱེད་བུ་མོའི་གནག་སྣུམ་སྐྲ་ལོ་སྐད་ལྕུག་ལང་ཚོ་སིལ་བུ་ཁེབས། །

འཛུམ་པའི་ཞལ་རས་དམུལ་དམུལ་དགའ་སྤྲོས་མཉམ་གྱི་པདྨ་ཟུམ་འདྲ་བཞིན།

ཟུར་མིག་གཡོ་ཙམ་འོད་དཀར་གདོང་ལ་གངས་ཀྱི་རི་ལ་ཉི་མ་འཁྱུད། །

རིག་འཛིན་དབང་མོ་ཤེས་རབ་དཔལ་དུ་དགེ་ལེགས་མེ་ཏོག་ཅི་ཡང་སྙིལ། །

ཆུ་སྐྱེས་ཞལ་ལ་གཡོ་ལྡན་བུང་བའི་མིག་གི་མཚན་མ་ཀེམ་ཀེམ་གཡོ། །

གེ་སར་པདྨའི་ཟེའུ་འབྲུ་དབུས་ན་རིང་ནས་བརྩེ་བའི་སྦྲང་ཆུང་འདི། །

མི་ཚེ་གཅིག་གི་ལས་སྐལ་ལགས་པས་ཁྱོད་དང་འུ་གཉིས་མཉམ་དུ་འཚོ། །

རྨི་ལམ་རིང་མོའི་དགའ་སྟོན་ཞིག་ལ་འུ་གཉིས་འདང་གི་བརྩེ་བ་ཡོད། །

དུས་གསུམ་ཕྲ་མོའི་འཕོ་འགྱུར་ཁྲོད་ནས་གཡུང་དྲུང་རི་མོའི་འཚོ་བ་བསྐྱོད། །

སྐྱིད་སྡུག་པདྨའི་དགའ་བདེ་ཀློང་ནས་སེམས་པ་དམར་པོའི་དུང་བ་བརྗོད། །

རི་ལུང་མང་པོའི་ཀྱག་ཀྱོག་ཁྲོད་དུ་དཀའ་སྡུག་ཅིག་གི་འཚོ་བར་རོལ། །

འཇིག་རྟེན་འཁོར་བའི་གྲོང་རྡལ་འདི་ནས་ན་ཆུང་བུ་མོའི་བརྩེ་བ་བྲིས། །

༼ བདེ་ཆེན་ངག་གྲོལ། ༽