国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རླངས་འཁོར་འབབ་ ཚུགས་ཀྱི་ཆར་པ།

ཆར་པ་ཤག་ཤག་འབབ་དུས། ང་རླངས་འཁོར་འབབ་ཚུགས་ན་ཡོད།

ཆར་གདུགས་ཐོགས་པ་དག་གཞུང་ལམ་གྱི་འགྲམ་གཉིས་ནས་ཕར་ཚུར་རྒྱུ།

ཆར་པ་ངའི་ལུས་ཡོངས་ལ་བབས་བྱུང་། ངའི་སེམས་ལ་ཟགས་བྱུང་།

ངའི་སེམས་སུ་གནས་འདི་ནས་ཆར་པ་ཚོགས་པའི་ཆར་གདུགས་ཤིག་ལོན་ན་སྙམ།

ཡང་ན། གནས་འདི་ནས་སེམས་པ་བསྲོ་སའི་མེ་འོད་ཆུང་ཆུང་ཞིག་རྙེད་ན་བསམ།

ཡིན་ནའང་།གནས་འདི་རུ་སླེབས་ཐེངས་རེ་རེར་ངའི་ནང་སེམས་སྟོང་ལྷང་ངེར་འདུག།

ཐེངས་དང་པོར་ང་རང་འབབ་ཚུགས་འདི་ནས་རླངས་འཁོར་ལ་འབྱར་དུས།

ཁྱོད་ཀྱིས་མིག་ཟུང་ལས་རླུང་བུ་ལྡང་གིན་ང་རང་སྐྱེལ་མ་བྱས་པ་ཡིན།

ང་རང་ཤེལ་སྒོའི་འགྲམ་གྱི་འདུག་སྟེགས་དེར་ཙོག་ནས་ཁྱེད་ལ་བདེ་མོ་བཞག།

ཉིན་དེར་ཆར་པ་འབབ་ཀྱིན་མེད། ཡིན་ན་ཡང་། ཉིན་དེར།

ངའི་ནང་སེམས་ནས། ངའི་མིག་ཀོང་ནས་གྱེས་བྲལ་གྱི་ཆར་པ་བབས་སོང་།

འབབ་ཚུགས་འདི་ནས་ལམ་ལ་ཆས་དུས།སླར་ཡང་འབབ་ཚུགས་གཞན་ཞིག་ལ་

སླེབས་འགྲོ་ཨང་།

འབབ་ཚུགས་གཞན་དེ་ནས་ང་རང་སླར་ཡང་ཁེར་རྐྱང་གི་དྲན་པ་དྲུད་ནས་འབབ་སྲིད་དམ།

ཡང་ན་འབབ་ཚུགས་དེ་ན་སླར་ཡང་ཁྱོད་ཀྱིས་མིག་ཟུང་ཀེམ་ཀེམ་ང་ལ་བསྒུག་སྲིད་དམ།

ཆར་པ་འཇགས་དུས། ང་རང་ད་དུང་འཁོར་སྒམ་གྲུ་བཞིའི་ནང་དུ་ཙོག་ཡོད།

ང་རང་ད་དུང་ཅ་ལག་བཞིན་འཁོར་སྒམ་གྲུ་བཞིའི་ནང་དུ་ཙོག་ཡོད།

ངའི་སེམས་སུ་མི་རྣམས་ཅ་ལག་ལྟར་བརྫངས་པའི་འཁོར་སྒམ་གྲུ་བཞི་དེ།

ལྷ་ཡི་འཇིག་རྟེན་ནམ། ཀླུ་ཡི་འཇིག་རྟེན་གང་རུང་ཞིག་ཏུ་བསྐྱོད་སོང་བར་སྙམ།

ངས་རང་ཉིད་ཀྱང་འཇིག་རྟེན་འདིའི་སེམས་ཅན་ཞིག་གམ།

ཅ་ལག་ཅིག་ཡིན་པར་སེམས་ཡོད།

མི་ཚོས་འཇིག་རྟེན་དེའི་མཛེས་སྡུག་གི་བཀོད་པ་པར་དུ་བླངས་ནས་གཞན་ལ་སྐུར།

ང་རང་སླར་ཡང་སྔོན་ཆད་འུ་ཉིས་འཕྲད་མྱོང་སའི་འབབ་ཚུགས་དེ་ནས་སར་བབས།

འབབ་ཚུགས་དེ་ནས། ཁྱོད་ཀྱིས་ཉི་འོད་གདོང་ལ་བྱུགས་ནས་ཚུར་འོང་བ་མཐོང་ཐུབ།

རླུང་བུ་སྐྲ་སྣེ་ནས་རྒྱུ་བཞིན་ཚུར་སླེབས་པ་མཐོང་ཐུབ།

སྨིན་མ་ཆུ་ཁར་གཡེང་བཞིན་ཚུར་འཕྱོར་བ་མཐོང་ཐུབ།

ཡིན་ན་ཡང་། འབབ་ཚུགས་འདི་ནས་ངས་ཁྱོད་ལ་ཐུག་རེག་བྲལ།

ང་རང་ཆར་པ་དང་ལྷན་དུ་འབབ་ཚུགས་དེ་ནས་རླངས་འཁོར་ལ་འབྱར།

ཉི་འོད་དང་ལྷན་དུ་འབབ་ཚུགས་གཞན་ཞིག་ནས་རླངས་འཁོར་ལས་ས་ལ་བབས།

ངའི་ནང་སེམས་ལ་སྔར་བཞིན་ཁེར་རྐྱང་གི་ཆར་པ་འཇགས་མེད།

༼ གཡེར་མ། ༽