ཉེ་ཆར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག་ཁག་བཅུ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཁྲོད། དར་མདོ་གྲོང་ཁྱེར་གྱི་མི་ཉག་གི་མཁར་རྫོང་སྐོར་ཞིག་གྲུབ་འབྲས་ཐོབ་པའི་ངང་བདམས་ཐོན་བྱུང་བ་རེད།
མི་ཉག་གི་མཁར་རྫོང་སྐོར་ནི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་མཚོན་བྱེད་རང་བཞིན་ལྡན་པའི་གནའ་བོའི་མཁར་རྫོང་གི་ཤུལ་བཞག་ཅིག་ཡིན། ད་ལྟ་མཁར་རྫོང་དང་རྗེས་ཤུལ་ཁག37ཡོད་ལ། དེ་དག་ནི་དར་མདོ་གྲོང་ཁྱེར་གྱི་ར་རྔ་ཁ་དང་འགག་པ། སྐྱ་གད་སོགས་ཡུལ་ཤོག་དང་གྲོང་རྡལ་དུ་ཁྱབ་ཡོད། ད་ཐེངས་སྲུང་སྐྱོང་ཡག་པོ་བྱས་ཡོད་པའི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་དུས་སུ་བསྐྲུན་པའི་མཁར་རྫོང་ཁག11བདམས་ཐོན་བྱུང་ཡོད། འདི་དག་ནི་ཤིང་དང་རྡོ་རྐྱང་པ་རྒྱུ་ཆ་བྱས་ནས་བསྐྲུན་པ་ཞིག་ཡིན་ཞིང་། བཟོ་དབྱིབས་གནའ་ཉམས་དོད་ལ་བརྗིད་ཉམས་ལྡན་ཞིང་མི་ཉག་པའི་སྔོན་བྱོན་མེས་པོ་ཚོའི་ཐོན་སྐྱེད་དང་འཚོ་བ། འགོག་སྲུང་ལོ་རྒྱུས་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་པ་ཞིག་ཡིན་ལ་ས་གནས་རང་གི་མི་རིགས་མཉམ་འདྲེས་དང་ཤེས་དཔལ་འཕེལ་རྒྱས་ཀྱི་དངོས་པོའི་དཔང་པོ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
ཐེངས་འདིར་དཔྱད་འདེམས་ཐོབ་པ་ནི། ལོ་རྒྱུས་ཀྱི་རིན་ཐང་དང་ཨར་སྐྲུན་སྒྱུ་རྩལ་དང་མིའི་རིག་གནས་སྣ་ཚོགས་ཀྱི་ནང་དོན་ལ་ཁས་ལེན་ཚད་མཐོ་བྱས་པ་ཞིག་ཡིན་ལ། མི་ཉག་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད་པ་དང་། ཁམས་ཀྱི་རིག་གནས་སྲུང་སྐྱོང་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོ་གྲོང་ཁྱེར་གྱིས་ད་ཐེངས་གོ་སྐབས་དང་བསྟུན་ནས་རིག་དངོས་སྲུང་སྐྱོང་གི་འབྲེལ་ཡོད་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་བྱ་རྒྱུ་དང་། ཆེད་དོན་སྲུང་སྐྱོང་འཆར་འགོད་བཟོས་ཏེ་རིག་དངོས་ཉམས་གསོ་དང་ཉེན་མེད་འགོག་སྲུང་། སྒྲིག་བཀོད་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་བྱས་ནས་ཕུགས་ཕན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏང་རྒྱུ་རེད། དེ་དང་ཆབས་ཅིག་མི་ཉག་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་དངོས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ལོ་རྒྱུས་རིག་གནས་ཀྱི་རྩ་རྒྱུད་བརྒྱུད་འཛིན་བྱས་ནས་ཁྱད་ཆོས་རིག་གནས་སྤུས་རྟགས་བཏོད་དེ་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་དང་དེ་བཞིན་མི་རིགས་རིག་གནས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་རེད།།
( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས་ཤིང་པར་བླངས།)
