( པར་ངོས་དང་པོར་མཐུད།)
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་ནི་ཀྲུང་གོ་ལུགས་དེང་རབས་ཅན་གྱི་སྤྱི་ཡོངས་དང་སྤུས་ཀ་ལ་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་མཐོང་ཆེན་གནང་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་པ་དང་མི་རིགས་བསྐྱར་དར་གྱི་སྤྱི་ཡོངས་ལ་དམིགས་ནས་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་གནང་བ་དང་། “ཞིང་གསུམ”ལས་དོན་གྱི་རིགས་གཞུང་དང་ལག་ལེན་གནད་དོན་གལ་ཆེན་རབ་རིམ་ལ་ཚན་རིག་དང་མཐུན་པའི་དྲིས་ལན་གནང་སྟེ། དུས་རབས་གསར་པའི་ཞིང་ལས་ཞིང་སྡེ་འཕེལ་རྒྱས་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་ཁྲིད་བྱས་ཡོད། ཉེ་བའི་ལོ་ཤས་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་མགྱོགས་སུ་གཏོང་བར་གཙོ་བོར་དམིགས་ནས་བཀོད་སྒྲིག་རྒྱུད་རིམ་ལྡན་པ་གནང་བ་དང་། རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་བའི་མདུན་སྐྱོད་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་ཐག་ཡག་པོ་གཅོད་པ་དེ་ཏང་ཡོངས་ཀྱི་ལས་དོན་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་པ་རྒྱུན་འཁྱོངས་ཤིང་། ཡུལ་སྡེ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་སྤྱིའི་དམིགས་འབེན་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བཞག་པ་དང་། ཀྲུང་དབྱང་ངོས་ནས《ཞིང་ལས་སྟོབས་ཆེན་རྒྱལ་ཁབ་མགྱོགས་པོར་སྐྲུན་པའི་འཆར་འགོད(2024ནས2035ལོ)》དང་།《ཞིང་ལས་ཞིང་སྡེ་དེང་རབས་ཅན་མགྱོགས་སུ་གཏོང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》སོགས་བཏོན་ནས་ཇུས་འགོད་རྩེ་གྲ་བྱས་ཡོད། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”གྱི་ཐུགས་བརྩེ་ཟབ་མོར་མྱོང་རྟོགས་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ལ་འཁྱོལ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི“ཞིང་གསུམ”ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། སི་ཁྲོན་དུ་གཟིགས་ཞིབ་ཕེབས་ཐེངས་རེར་ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། སི་ཁྲོན་གྱི“ཞིང་གསུམ”ལས་དོན་ལ་དུས་རབས་ཀྱི་འགན་འཁྲི་གསར་པ་སྤྲད་དེ། སི་ཁྲོན་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་བར་རྩ་བའི་བསྲུང་བྱ་བཏོན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་རིམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཧ་ལམ་མངོན་དུ་འགྱུར་བར་རྨང་གཞི་བརྟན་གཏོང་དང་ཁྱོན་ཡོངས་ཤུགས་འདོན་གྱི་དུས་སྐབས་གནད་འགག་ཡིན་ཞིང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་ནི་རྨང་གཞི་བརྟན་གཏོང་ཐད་ཁ་གསབ་དགོས་པའི་མི་འདང་ས་ཡིན་ལ། ཁྱོན་ཡོངས་ཤུགས་འདོན་ཐད་འགག་བསྒྲལ་དགོས་པའི་གཙོ་གནད་དང་དཀའ་གནད་ཀྱང་ཡིན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ཏེ། སི་ཁྲོན་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་བར་ཆ་རྐྱེན་བཟང་པོ་དང་རྨང་གཞི་བརྟན་པོ་ཡོད་ཅིང་། དེ་དང་མཉམ་དུ་ཞིང་ལས་སྤུས་ཚད་ཕན་འབྲས་མི་ཆེ་བ་དང་ཞིང་སྡེ་འཕེལ་རྒྱས་གང་ལེགས་མིན་པ། ཞིང་པའི་ཡོང་འབབ་འཕར་དཀའ་བ་སོགས་ཀྱི་གནད་དོན་དང་ཡང་འཕྲད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་པར་ལས་འགན་ཆེས་དཀའ་ལྕི་ཆེ་ཤོས་ནི་ཞིང་སྡེར་ཡོད་ཅིང་། རྒྱ་ཁྱབ་ཆེས་ཆེ་ཤོས་དང་རྨང་གཞི་ཆེས་ཟབ་ཤོས་ཡང་ཞིང་སྡེར་ཡོད་ལ། གཏིང་ཤུགས་ཆེ་ཤོས་དང་རྗེས་ཤུགས་ཆེ་ཤོས་ཀྱང་ཞིང་སྡེར་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་སུ་དམ་པོར་བཅངས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞིང་ལས་ཞིང་ཆེན་སྟོབས་ཆེན་གྱི་དམིགས་འབེན་ལ་དམིགས་ཤིང་། དུས་རབས་གསར་པའི་ཆུ་ཚད་སྔར་བས་མཐོ་བའི་སི་ཁྲོན་འབྲུ་མཛོད་འཛུགས་པར་བརྩོན་པ་དང་། སྟོབས་ཤུགས་ཆེ་ཤོས་དང་བྱེད་ཐབས་བཟང་ཤོས་ཀྱིས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་སུ་བསྐུལ་ཏེ། ཀྲུང་གོ་ལུགས་དེང་རབས་ཅན་སི་ཁྲོན་ལེའུ་གསར་པ་བྲི་བར་འདེགས་སྐྱོར་སྲ་ཞིང་བརྟན་པ་སྤྲད་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སི་ཁྲོན་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་ཅིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་སྨིན་བ་དང་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ། “ཞིང་གསུམ”གནད་དོན་དེ་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་པ་རྒྱུན་འཁྱོངས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་བསམ་གཞི་རྒྱུན་འཁྱོངས་པ་དང་། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་སྤྱིའི་འཛིན་གཞིར་བྱེད་ཅིང་། “འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཞིང་ལས་ཞིང་ཆེན་ཆེན་པོའི་གྲགས་རྟགས་མུ་མཐུད་ཆེ་རུ་གཏོང་ཞིང་། ཞིང་ལས་དེ་དེང་རབས་ཀྱི་ཐོན་ལས་ཆེན་པོར་བསྐྲུན་ཏེ་ཞིང་སྡེ་ལ་དེང་རབས་འཚོ་བའི་ཆ་རྐྱེན་ཧ་ལམ་ཚང་བར་བྱེད་ཅིང་ཞིང་པའི་འཚོ་བ་སྔར་བས་ཕྱུག་འབྱོར་ཡོང་དུ་བཅུག་པ་དང་། ཡུལ་སྡེ་དར་རྒྱས་བཅོས་སྐྱོང་དེང་རབས་ཅན་དུ་ཕྱོགས་ཡོངས་ནས་སྐུལ་བ། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་བབ་མགྱོགས་པོར་བཙུགས་ཏེ། ཞིང་ལས་སྟོབས་ཆེན་དང་ཞིང་སྡེ་མཛེས་པོ། ཞིང་པ་ཕྱུག་པོ་བཅས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འབད་པས་གཏོད་དགོས། སི་ཁྲོན་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་བར་ངེས་པར་དུ་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་པ་དང་། ངེས་པར་དུ་ཞིང་ལས་སྟོབས་ཆེན་དང་ཞིང་སྡེར་ཕན་པ། ཞིང་པ་ཕྱུག་པོར་ཡོང་བ་མངོན་གསལ་དོད་པོར་བཟོ་དགོས། ངེས་པར་དུ་བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏང་དགོས། ངེས་པར་དུ་ཡུལ་བབ་དང་བསྟུན་པར་མཐོང་ཆེན་བྱ་དགོས། ངེས་པར་དུ“ཞིང་གསུམ”གྱི་ལས་དོན་མཐིལ་ཚད་བརྟན་པོར་བསྲུང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སི་ཁྲོན་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་བའི་དམིགས་འབེན་གཙོ་བོ་ནི། 2030ལོར་བསླེབ་དུས། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་བ་དང་། ཞིང་སྡེར་སྔར་བས་གནས་འཕྲོད་ལས་འཚམ་ཡོང་བ། ཞིང་པ་སྔར་བས་ཕྱུག་འབྱོར་ཡོང་བ། ཡུལ་སྡེ་བཅོས་སྐྱོང་ཕན་ནུས་མུ་མཐུད་འཕར་བ། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བ་བཅས་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཧ་ལམ་མངོན་དུ་འགྱུར་བར་ཐག་གཅོད་རང་བཞིན་གྱི་གོང་འཕེལ་ཡོང་བར་ཁག་ཐེག་བྱ་དགོས། 2035ལོར་བསླེབ་དུས། ཞིང་ལས་ཞིང་ཆེན་སྟོབས་ཆེན་འཛུགས་པར་གྲུབ་འབྲས་མངོན་གསལ་འཐོབ་པ་དང་། ཞིང་སྡེར་དེང་རབས་འཚོ་བའི་ཆ་རྐྱེན་ཧ་ལམ་ཚང་བ། ཞིང་པ་མཉམ་དུ་ཕྱུག་འབྱོར་ཡོང་བར་མིག་མཐོང་ལག་ཟིན་གྱི་གོང་འཕེལ་དེ་བས་མངོན་གསལ་འབྱུང་བ། རྒྱལ་ཡོངས་དང་དུས་མཉམ་དུ་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་ཧ་ལམ་ཡོང་བ། སི་ཁྲོན་གྱི་ས་གཞི་ཆེན་པོར་གྲོང་སྡེ་མཛེས་པོ་དང་ཐོན་ལས་དར་རྒྱས། ཤེས་དཔལ་འཛོམས་པ། བཅོས་སྐྱོང་མཁས་པ། མཉམ་ཕྱུག་ཡོང་བ་བཅས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འཆར་རིས་གསར་པ་མགྱོགས་པོར་བྲི་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་ལས་དེ་དེང་རབས་ཀྱི་ཐོན་ལས་ཆེན་པོར་མགྱོགས་པོར་བསྐྲུན་དགོས། དུས་རབས་གསར་པའི་ཆུ་ཚད་སྔར་བས་མཐོ་བའི་སི་ཁྲོན་འབྲུ་མཛོད་འཛུགས་པར་དམིགས་ནས། ཚན་རྩལ་ཞིང་ལས་དང་སྦག་མེད་ཞིང་ལས། སྤུས་ཚད་ཞིང་ལས། གྲགས་རྟགས་ཞིང་ལས་བཅས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱེད་ཅིང་། ཞིང་ལས་ཐོན་ལས་སྐྱེ་ཁམས་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེར་གཏོང་བ་དང་། ཐོན་ལས་གཉིས་པར་མཐུད་ཅིང་ཐོན་ལས་གསུམ་པར་སྦྲེལ་ཤུགས་ཆེ་རུ་གཏོང་ཞིང་། མཁོ་སྤྲོད་འགན་སྲུང་ཆེ་བ་དང་ཚན་རྩལ་འདེགས་སྐྱོར་ཆེ་བ། ཚོང་གཉེར་མ་ལག་ཆེ་བ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་ཞིང་ལས་ཞིང་ཆེན་སྟོབས་ཆེན་བསྐྲུན་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་མཁོ་སྤྲོད་འགན་སྲུང་མ་ལག་བརྟན་དུ་གཏོང་བ་དང་། རྨོ་ཞིང་སྲུང་ཤུགས་ཆེ་རུ་གཏོང་ཞིང་སྤུས་ཚད་མཐོར་འདེགས་པ། བཟའ་འབྲུ་བཟའ་སྣུམ་གྱི་ཕྱོགས་འདུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་བ། འབྲོག་ལས་དང་ཉ་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ། སྔོ་ཚལ་མཁོ་སྤྲོད་བརྟན་པོ་དང་ལས་ཆོད་ཆེ་བར་བསྐུལ་དགོས། ཞིང་ལས་ཁྱད་ཆོས་ཐོན་ལས་དང་གྲགས་རྟགས་མ་ལག་ཡག་པོར་བཟོ་བ་དང་། སི་ཁྲོན་རྟགས་ཅན་གྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་བ། དེང་རབས་ཞིང་ལས་གླིང་ཁུལ་གྱི་སྤུས་རིམ་སྤར་བ། ཞིང་ལས་ཐོན་རྫས་ཀྱི་གྲགས་རྟགས་སྐྱོང་ཤུགས་ཆེ་རུ་གཏང་དགོས། དེང་རབས་ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་ཞིང་། ཞིང་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བསྒྱུར་ནས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། སི་ཁྲོན་གྱི་སོན་བཟང་དར་སྤེལ་ཆེ་རུ་གཏོང་བ། སི་ཁྲོན་གྱི་ཞིང་འཕྲུལ་བཟང་པོ་ཆུ་ཚད་མཐོན་པོས་དར་རྒྱས་གཏོང་བ། རིག་ནུས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏང་དགོས། དེང་རབས་ཞིང་ལས་ཚོང་གཉེར་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཚོང་གཉེར་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་ཅིང་། བྱེད་སྟངས་སྣ་མང་འཕེལ་རྒྱས་བཏང་ནས་གཞི་ཁྱོན་རན་པའི་ཚོང་གཉེར་བྱེད་པ། ཞིང་ལས་སྤྱི་ཚོགས་ཅན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཡུལ་སྡེ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་བཟོ་སྣོན་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ། ཡུལ་སྡེའི་ཟོང་འགྲུལ་ཆུ་ཚད་མཐོར་འདེགས་པ་དང་། ཞིང་ལས་དང་། ཚོང་ལས། རིག་གནས། ཡུལ་སྐོར། ལུས་རྩལ། སློབ་གསོ། བདེ་ཐང་བཅས་མཉམ་འདྲེས་ཟབ་མོ་ཡོང་བར་བསྐུལ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་སྡེར་དེང་རབས་འཚོ་བའི་ཆ་རྐྱེན་ཧ་ལམ་ཚང་དུ་འཇུག་པར་ཤུགས་བརྒྱག་དགོས། གནས་འཕྲོད་ལས་འཚམ་དང་མཐུན་མཛེས་ཡུལ་སྡེ་ཧུར་ཐག་འཛུགས་པ་དང་། ཞིང་སྡེའི་དེང་རབས་འཚོ་བའི་ཆ་རྐྱེན་མི་འདང་ས་ཁ་གསབ་ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་། མི་སྡོད་ཁོར་ཡུག་བག་ཕེབས་པོ་དང་རྨང་གཞི་སྒྲིག་ཆས་འཐུས་ཚང་བ། སྤྱི་པའི་ཞབས་ཞུ་སྟབས་བདེ་བ། ཞིང་རའི་ཡུལ་ལྗོངས་མཛེས་ཤིང་སྡུག་པ་བཅས་ཀྱི་དེང་རབས་ཞིང་སྡེ་བསྐྲུན་དགོས། འཚོ་བའི་བར་ཁོངས་སྤུས་ལེགས་འཛུགས་པ་དང་། ཡུལ་སྡེའི་བྱེད་ནུས་དང་བར་ཁོངས་བཀོད་བབ་ཇེ་ལེགས་སུ་གཏོང་ཞིང་། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་རིམ་སྤོར་མུ་མཐུད་དེ་བྱེད་ཅིང་། ཡུལ་སྡེའི་རྣམ་པ་ཡོངས་རྫོགས་ཇེ་ཡག་ཏུ་གཏང་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་ལམ་དྲྭའི་ཤར་བགྲོད་སྤུས་ཀ་ཇེ་ལེགས་སུ་གཏོང་ཞིང་། ཞིང་སྡེའི་འཐུང་ཆུ་གཙང་མ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་ནུས་ཁུངས་མཁོ་སྤྲོད་ཇེ་ཡག་ཏུ་གཏོང་བ། ཨང་ཀིའི་ཡུལ་སྡེ་འཛུགས་ཤུགས་ཆེ་རུ་གཏང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་སྤུས་ཚད་དང་རྗེས་ཟིན་རང་བཞིན་ཆེ་རུ་གཏོང་བ། ཞིང་སྡེའི་སློབ་གསོ་ཇེ་ཡག་དང་རིམ་པ་སྤར་བ། སྐྱོན་བྲལ་ཡུལ་སྡེ་འཛུགས་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་དང་བྱིས་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་ཞིང་། ཞིང་སྡེའི་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་གཏང་དགོས། ཡུལ་སྡེའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཆུ་ཚད་མཐོར་འདེགས་པ་དང་། ཞིང་ལས་དང་ཞིང་སྡེའི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཁྱོན་ཡོངས་ནས་སྦག་མེད་གཤོ་སྒྱུར་ཡོང་བར་བསྐུལ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་པའི་འཚོ་བ་སྔར་བས་ཕྱུག་འབྱོར་ཡོང་དུ་འཇུག་པ་ལ་འབད་དགོས། ཞིང་པའི་ཡོང་འབབ་འཕར་བ་དེ“ཞིང་གསུམ”གྱི་ལས་དོན་ལས་འགན་གཙོ་བོར་བརྩིས་པ་དང་། དངོས་པོར་མ་དངུལ་འཇོག་པ་དང་མི་ལ་མ་དངུལ་འཇོག་པ་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་ཤིང་། དངོས་པོས་ཕྱུག་པ་དང་བསམ་པའི་ལོངས་སྤྱོད་ཀྱིས་ཕྱུག་པ་མཉམ་སྤེལ་ཡོང་བ་དང་། ཞིང་པ་ཁྱོན་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་བ། མི་དམངས་ཚང་མ་མཉམ་དུ་ཕྱུག་འབྱོར་ཡོང་བའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དགོས། ཞིང་པའི་ཡོང་འབབ་འཕར་བའི་བྱ་སྤྱོད་ལག་ལེན་བསྟར་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏང་དགོས། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་བ་དང་། ལས་ཞུགས་ཞབས་ཞུ་གཞན་དུ་སྒྱུར་བ་དང་། ཞིང་པ་རང་ཡུལ་དུ་ལོག་ནས་ལས་ཞུགས་ལས་གཏོད་ཡོང་བར་སྐུལ་ལྕག་བྱེད་ཅིང་། ཞིང་པ་ལས་མིའི་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། རྒྱུན་ལྡན་ཅན་གྱི་རོགས་སྐྱོར་གནད་སྨིན་ཡག་པོ་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དེ་སྲ་བརྟན་རྒྱ་སྐྱེད་གཏོང་བ། སྤྱི་ཚོགས་འགན་སྲུང་འཚོ་སྐྱོང་དམའ་སྐྱོར་ཡག་པོ་སྒྲུབ་པ་དང་། རོགས་སྐྱོར་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་དང་འདང་ངེས་བྱ་དགོས། ཏང་གི་གསར་གཏོད་རིགས་གཞུང་ཁྱབ་སྒྲོག་འདུ་འགོད་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཤེས་དཔལ་སྐྱེད་གསོ་དང་ཤེས་དཔལ་ལག་ལེན། ཤེས་དཔལ་འཛུགས་སྐྱོང་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྤེལ་ནས། ཞིང་པ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏང་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཡུལ་སྡེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྐུལ་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་སྦྲེལ་བའི་ཡུལ་སྡེ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་སྡེ་རིམ་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། ཞིང་པར་རང་ངོས་དོ་དམ་དང་རང་ངོས་ཞབས་ཞུ། རང་ངོས་སློབ་གསོ། རང་ངོས་ལྟ་སྐུལ་བཅས་བྱ་རྒྱུ་ཁྲིད་སྟོན་སྔར་བས་ཡག་པོ་བྱེད་པ། གསོན་ཤུགས་ཡོད་པ་དང་འཆམ་མཐུན་གོ་རིམ་ལྡན་པ། མཉམ་འཛུགས་མཉམ་སྤྱོད་ཀྱི་དེང་རབས་ཡུལ་སྡེ་བཅོས་སྐྱོང་གནས་བབ་མགྱོགས་པོར་བསྐྲུན་དགོས། ཏང་སྐྱོང་གིས་སྣེ་ཁྲིད་དེ་ཡུལ་སྡེ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་། ཡུལ་ཤོག་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་བསྐོ་དང་། གྲོང་སྡེ་ཨུ་ལྷན་གཉིས་ཀྱི་འགོ་ཁྲིད་ཚན་པ་དང་ལྷག་པར་སྣེ་ཁྲིད་པའི་དཔུང་ཁག་ཇེ་ཡག་ཏུ་གཏོང་ཞིང་། ཏང་མིས་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་སྡེ་གཞི་རིམ་ལས་ཡུལ་གྱི་སྟོབས་ཤུགས་ཇེ་ཆེ་དང་བརྟན་པོར་བཟོ་དགོས། ཡུལ་མིའི་རང་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། རང་སྐྱོང་རྩ་འཛུགས་ཚད་ལྡན་ཅན་འཛུགས་ཤུགས་ཆེ་རུ་གཏོང་བ། ཡུལ་མི་གྲོང་སྡེ་རིམ་པའི་སྤྱི་པའི་ལས་དོན་སྟེགས་བུར་ཞུགས་རྒྱ་སྐྱེད་པ་དང་། གྲོང་སྲོལ་དམངས་ཆིངས་འཛུགས་ཤུགས་ཆེ་རུ་གཏང་དགོས། དུས་བདེ་ཁྲིམས་སྐྱོང་ཡུལ་སྡེ་འཛུགས་པ་དང་། འགལ་བ་རྩོད་གཞི་འབྱུང་རྩ་ནས་འགོག་པ་དང་ཚགས་བཤེར་ཉེན་བརྡ་སྔོན་གཏོང་། བར་འདུམ་སྣ་མང་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། གཞི་རིམ་གྱི་འཚུབ་བསྟུན་དོ་དམ་ནུས་པ་ཆེ་རུ་གཏོང་བ། ཞིང་སྡེའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏང་དགོས། ཨང་ཀི་དང་རིག་ནུས་ཀྱིས་ཡུལ་སྡེ་བཅོས་སྐྱོང་ལ་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་དང་འབྲེལ་བའི་ཆ་འཕྲིན་ཅན་གྱི་ལས་སྟེགས་རྒྱུན་རིམ་ལྡན་པ་སྡེབ་སྒྲིལ་དང་མཉམ་སྦྲེལ་མགྱོགས་པོར་བྱེད་ཅིང་། གྲོང་སྡེ་རིམ་པའི་ཕྱོགས་འདུས་ཞབས་ཞུ་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས།
( པར་ངོས་བཞི་པར་གཟིགས།)
