ནམ་ཞིག་གསར་དུ་བཙུགས་པའི་ལྕང་སྡོང་ཆུང་ཆུང་འདི་དག་ཡོངས་སུ་སྨིན་ལེགས་རྒྱས་ཏེ། འདབ་མ་རེ་རེས་མཛེས་སྡུག་གི་ས་གཞི་ལ་འཇམ་མཉེན་གྱི་བསིལ་གྲིབ་གནང་དུས། དམིགས་ཡུལ་ཅི་ཞིག་གི་ཆེད་དུ་འདུར་རྒྱུག་བྱེད་ཀྱིན་པའི་ང་རང་ས་མཐའ་གང་ཞིག་ཏུ་ཡོད་ཨང་། ས་མཐའི་ས་མཐའ་འདིར་གནས་སྡོད་བྱས་ཡོད་དམ། ཡང་ན་ཚེ་ཡི་འཕེན་པ་དུམ་བུར་ཆད་དེ། ཟང་ཟིང་གི་འཁོར་བ་འདི་དང་གཏན་དུ་བྲལ་ནས་ཡོད་སྲིད། ངས་དེ་དག་ལ་བསམ་གཞིག་གཏིང་ཟབ་ཅིག་གཏོང་ཕོད་མ་སོང་། ང་རང་འཆི་བ་ལ་ཞེད་སྣང་སྐྱེས་པ་མ་ཡིན་ཡང་། ངས་གསར་དུ་བཙུགས་པའི་ལྕང་སྡོང་དག་གི་ལོ་འདབ་རླུང་གིས་གཡོ་འགུལ་བྱེད་ཀྱིན་པའི་རྣམ་པ་མཐོང་མི་ཐུབ་པར་སེམས་ཁྲལ་ཆེ་སོང་། གསར་དུ་བཙུགས་པའི་ལྕང་སྡོང་ཆུང་ཆུང་དེ་དག་ནི་ཤིན་ཏུ་མཛེས་སྡུག་ལྡན་པ་ལ་ཨང་། རེ་བ་དང་བརྩེ་བ་མང་པོ་ཞིག་དང་མཉམ་དུ་སྨིན་ལེགས་རྒྱས་ངེས་ལ། ང་དང་འདྲ་བར་གནས་འདིའི་རི་ཆུ་ནགས་གསུམ་ལ་ཅི་ནས་ཀྱང་ལོབ་དགོས་པར་འདུག་གོ།
ངའི་ཨ་ཕྱིས་ང་རང་བྱིས་པ་ནས་ན་གཞོན་མ་ཆགས་པའི་བར་དུ་མིག་གིས་འཚོས་འཚོས་བྱས་ནས་ཡོང་བ་ཇི་བཞིན། ངས་ཀྱང་ལྕང་སྡོང་ཆུང་ཆུང་འདི་དག་གི་ནར་སོན་གྱི་ལོ་ཟླ་དེ་དག་མིག་གིས་མཐོང་སྙིང་བྲོད་སོང་། དགུན་ཁ་ཚེས་དུས་སྡོང་མགོའི་ལོ་མ་རེ་རེས་ཁ་བས་བཟོས་པའི་གོན་པ་ལྕི་མོ་དེ་ལུས་ཀྱིས་མི་ཐེག་པར་འགོ་ལྕོག་ཐུར་ལ་དཔྱངས་པའི་རྣམ་པ་དང་། དཔྱིད་དཔལ་ཚེས་དུས་འདབ་མ་དག་ཆར་པས་སྐུ་ཁྲུས་གསོལ་ཏེ་དེ་དག་རིམ་གྱིས་འབུས་པའི་རྣམ་པ། སྟོན་མཇུག་ཏུ་འདབ་མ་དག་ས་རུ་ལྷུངས་ཏེ་མི་རྣམས་ཀྱིས་རྡོག་འོག་ཏུ་འཕུར་གྱིན་པའི་སྒྲ་སོགས་རང་བྱུང་ཁམས་ན་ཡོད་པའི་མ་བཅོས་པའི་མཛེས་སྡུག་དེ་དག་རེ་རེ་བཞིན་རོལ་མྱོང་བྱ་སྙིང་བྲོད་སོང་། ངས་ལྕང་སྡོང་ཆུང་ཆུང་དེ་དག་གི་ན་ཚོད་སྨིན་པའི་ལོ་ཟླ་མཐོང་ཐུབ་ན་ཅི་མ་རུང་། གལ་ཏེ་དངོས་གནས་མཐོང་ཐུབ་པ་ཡིན་ན་ང་ཕ་ཡུལ་དང་ཁ་ཐག་རིང་བའི་གནས་འདི་ནས་ད་རུང་ཡང་ཡུད་ཙམ་མ་ཡིན་པར་འདུག་ཐུབ་པ་ཡིན་ལ། དེ་ལྟར་འདུག་ཐུབ་པ་བྱུང་ན་ང་དང་སྙིང་ཉེ་ངེད་གཉིས་ཀྱང་གཅིག་སེམས་གཅིག་ལ་ཁེན་ཏེ་མཉམ་འཛོམས་ཀྱི་དུས་ཡུན་ཅུང་རིང་བ་མ་ཡིན་ནམ།
མི་ཚེ་ནི་ཅི་ཙམ་རྒྱུན་རིང་བའི་ལམ་ཐག་རིང་མོ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་། ཕ་ཡུལ་དང་ཁ་ཐག་རིང་བའི་ས་ཆ་ཞིག་ནས་གཏན་དུ་སྡོད་ཐུབ་པའི་མི་ཚེ་ཞིག་སུ་ལ་ཡང་ཡོད་མི་སྲིད། ཐོག་མའི་ལྟེ་ཁྲག་འཕོ་ས་དང་ངུ་ངག་གི་དབྱངས་རྟ་གྱེར་ས་གང་ཡིན་ན་གནས་དེ་ནས་མི་ཚེ་ཡི་མཐའ་སྡོམ་བརྒྱབ་སྟེ་དབུགས་ཀྱི་རྒྱུ་བ་ཆད་དགོས་པ་ཡིན། མཛེས་སྡུག་མེད་པ་དང་འདྲ་ཡང་། མཛེས་སྡུག་འདི་ཉིད་ཆད་འདུག་ཟེར་ཡ་མེད་པར། ངའི་མི་ཚེ་ཡི་མཐའ་མཇུག་ཀྱང་ཕ་ཡུལ་ནས་རྫོགས་དགོས་པ་ནི་ལྡོག་ཏུ་མེད་པའི་རང་བཞིན་ཅན་ཞིག་ཅི་ལ་མིན་ཨང་། དེའི་ཕྱིར་ངས་གསར་དུ་བཙུགས་པའི་སྡོང་པོ་ཆུང་ཆུང་དག་གི་ན་ཚོད་དར་བའི་ལོ་ཟླ་དེ་མཐོང་ཐབས་བྲལ་ལ། ལྗང་སྙུག་འབུས་པའི་ལྕོག་ཕྲན་དེ་དག་གསར་དུ་བཞད་ལ་ཉེ་དུས་ཀྱང་། གནས་འདི་ནས་ཁོང་ཚོའི་ནར་སོན་གྱི་ལོ་ཟླ་ལ་སེམས་ཁུར་བྱས་ནས་འདུག་མྱོང་བའི་ང་རང་ཡོད་པ་ཁོང་ཚོས་གཏན་དུ་ཡིད་ལ་སྣང་མི་སྲིད་དོ།།
ནམ་ཞིག་ལྕང་སྡོང་ཆུང་ཆུང་དེ་དག་ནི་ན་ཚོད་སྨིན་པའི་སྡོང་པོ་ཞིག་ལ་གྱུར་ཏེ། ལྗང་སྙུག་ལྡན་པའི་འདབ་མ་དེ་དག་གིས་ན་ཚོད་ཀྱི་གཞོན་རྟགས་ཕྱི་རུ་མངོན་དུས། གནས་འདི་ནས་བརྩེ་སེམས་ཀྱི་ཆུ་མིག་མཉམ་དུ་རྡོལ་མྱོང་བའི་རི་དྭགས་དེ་གཉིས་ད་ལྟ་གང་དུ་ཡོད་ཨང་། ཁོང་གཉིས་ཡུན་རིང་ཞིག་ལ་ཁ་གྱེས་པའི་སྐྱོ་ཡས་དེ་ད་ལྟ་ཡང་སུ་ཞིག་རྣ་བར་ཤུར་ཤུར་གྲག་གིན་ཡོད་དམ། སོ་སོར་ཁ་བྲལ་བྱུང་བའི་རི་དྭགས་གཅིག་ཤོས་ཀྱིས་ལྗང་མདོག་ལྡན་པའི་སྡོང་པོ་འདིའི་ཟུར་ན་ཁེར་རྐྱང་དུ་གནས་སྡོད་བྱས་ཏེ་རྒྱང་རིང་བའི་བས་མཐའི་ཕྱོགས་ལ་སེམས་པ་འཁྲེང་གིན་སྙིང་ཉེ་བའི་རི་དྭགས་གཞན་དེ་དྲན་གྱིན་ཡོད་དམ། དྲན་པ་ཙམ་གྱིས་ཀྱང་མི་ཚད་པར་ཁོང་གཉིས་ཀྱི་འདས་སོང་གི་ལོ་ཟླའི་གཏམ་རྒྱུད་རིང་མོ། ལྗང་མདོག་ལྡན་པའི་སྡོང་པོ་དེའི་ཟུར་ནས་ཕྱིར་དྲན་ཅི་ཙམ་ཞིག་བྱས་མྱོང་ཡོད་ཨང་།
རི་དྭགས་དེ་གཉིས་ཀྱི་བརྩེ་བ་ནི། རྒྱུན་ཆགས་གངས་རི་དཀར་པོ་དང་འདྲ་བར་དཀར་ཞིང་གཙང་ལ། ནུབ་པ་མེད་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་འདྲ་བར་མཛེས་ཤིང་ངང་རྒྱུད་རིང་བ་ཡིན། ཁོང་གཉིས་ཀྱིས་ཤིན་ཏུ་གཏིང་ཟབ་པའི་འཁོར་བའི་ངོ་ཚ་དང་རྩ་དོན་གང་མང་གི་མཚོ་ཆེན་དག་རིམ་གྱིས་བརྒལ་ཏེ། མཛེས་སྡུག་ལྡན་པའི་བརྩེ་དུང་གི་གླིང་ཕྲན་ཞིག་ལ་བསླེབས་པ་རེད་ཨང་། རི་དྭགས་དེ་གཉིས་ཁོ་ནར་དབང་བའི་བརྩེ་དུང་གི་གླིང་ཕྲན་དེ་རུ་ནུབ་པ་མེད་པའི་བརྩེ་དུང་གི་གུར་ཀུམ་ཆུན་པོ་ཞིག་བཞད་ཡོད། གུར་ཀུམ་དེ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཆེན་པོ་ཞིག་དང་འདྲ་བར། བརྩེ་དུང་ལྡན་པའི་མི་དག་གིས་ད་གཟོད་དེ་ལ་དགའ་མོས་བྱེད་ཀྱང་དེའི་རྒྱབ་ན་ཡོད་པའི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་དེ་ཡིད་ལ་སྣང་ཞིང་སེམས་གཅོང་མཛད།།
ཅི་ཞིག་འཐོབ་པའི་རེ་བ་ལས་ཀྱང་གང་ཞིག་འཆོར་བའི་དོགས་པ་ཤུགས་ཆེ་བར་གྱུར་པའི་ད་ལྟའི་ང་ནི་དུས་ཚོད་ཀྱི་མདུན་ནས་ཤིན་ཏུ་གཉོམ་ཆུང་ཞིག་རེད་ཨང་། གོམ་པ་རེ་རེ་བཞིན་མདུན་དུ་སྤོས་ཏེ་ཅི་ཞིག་འཐོབ་པར་རེ་ན་ཡང་། རང་ལ་ད་ལྟར་ཡོད་པའི་འཚོ་བ་མང་པོ་ཞིག་ནི་ལག་མཐིལ་གྱི་ཕྱེ་མ་བཞིན་ཟག་འདུག་ལ། འཚོ་གནས་ཀྱི་འབྲེལ་ལམ་མང་པོ་ཞིག་ཀྱང་ང་རང་ཕར་ལ་འགྲོ་བའི་བར་གླགས་ནས་ཧ་ཅང་རིང་བའི་སྐུད་པ་བཞིན་ཆད་ལ་ཉེ། གལ་ཏེ་ང་རང་སླར་ཡང་གསར་དུ་སྨིན་ཆོག་པ་ཡིན་ན། ང་གསར་དུ་བཞད་ལ་ཉེ་བའི་ལྕང་སྡོང་ཆུང་ཆུང་འདིའི་སྟེང་གི་ཡལ་ག་ཅིག་བྱས་ན་འདོད། གལ་ཏེ་ཡལ་ག་གཅིག་ཡིན་ན་ང་གནས་འདི་ནས་སླར་ཡང་འཚོ་སྡོད་བྱེད་ཆོག་པ་ཡིན་པས་ངས་སྡོང་པོ་དག་ན་ཚོད་སྨིན་པའི་ལོ་ཟླ་མཐོང་ཆོག་པ་ཡིན་ལ། དེ་དང་མཉམ་དུ་སྙིང་ཉེ་བའི་བྱམས་པ་འགྲོ་བའི་གོམ་སྒྲ་ཡང་རྟག་པར་ཐོས་ཐུབ་བོ།།
༼ ཚོར་སྦྲང་། ༽
