国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ཚེ་ཟློས་གར་ ཡིན་ནམ།

མི་ཚེ་ཟློས་གར་ཡིན་ན། །

མི་རྣམས་གར་མཁན་ཡིན་ན། །

འཚོ་བ་རྩེད་མོར་བསྒོམས་ན། །

དགོད་འཛུམ་ངོ་ལས་ཨེ་ཡལ། །

བདེ་སྐྱིད་རྒྱ་མཐོངས་ཡིན་ན། །

སྡུག་བསྔལ་རྒྱ་མཚོ་ཡིན་ན། །

གནས་ཚང་རི་ཁར་བཅས་ན། །

མྱ་ངན་མགོ་ལ་ཨེ་འཛེགས། །

ལོངས་སྤྱོད་དགག་བྱ་ཡིན་ན། །

རྒྱས་སྤྲོས་ཐན་དུ་བརྩི་ན། །

འཚོ་སྡོད་སྨྲ་བའི་སྲོག་རྔ། །

གང་ལ་བརྟེན་ནས་བསྲིང་ངམ། །

མེད་པོ་རྒྱུ་ཡིས་ཕོངས་ན། །

ཡོད་པོ་གཉིད་ཀྱིས་སྟོངས་ན།

བར་མ་ཚང་གི་བུ་ལ། །

རྒྱུ་གཉིད་འདང་ངེས་ཨེ་ཡོང་། །

ཡོད་ཚད་མར་རྒྱུར་ཡིན་ན། །

དགྲ་གཉེན་ངེས་པ་མེད་ན། །

དགྲ་འདུལ་གཉེན་སྐྱོང་བྱ་བར། །

ལོ་ཟླ་གཏོང་དོན་ཨེ་གདའ། །

རྒྱུ་འབྲས་བསླུ་མེད་ཡིན་ན། །

ཁྲིམས་རྒྱ་གཉའ་ཤིང་ཡིན་ན། །

གཡོ་ཁྲམ་ལྐོག་ཇུས་བཤམས་ནས། །

གནོད་པ་སྐྱེལ་དོན་འདུག་གམ། །

ཕ་མ་དཀོན་མཆོག་ལས་ཀྱང་། །

ལྷག་པའི་འདུ་ཤེས་ཡོད་ན། །

"བརྒྱ་ལོར་སྐེ་བཙིར"གཏང་ཡུལ། །

ཕ་མ་བྱེད་དོན་འདུག་གམ། །

སྡུག་བསྔལ་རླབས་ཕྲེང་བརྩེགས་པའི། །

འཁོར་བ་གཙང་པོའི་གཞུང་རེད། །

བདེ་བ་ལྦུ་ཕྲེང་གཡེང་བའི། །

འཇིག་རྟེན་མི་ཡུལ་ཁམས་རེད། །

༼ ལུག་རྫི། ༽