国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲན་པ་མང་ བའི་མགུར།

ལན་ཆགས་རི་བོ་ཙམ་ཞིག་འཁུར་གྱིན་དུ།།

སྐྱིད་སྡུག་འབྲས་བུ་སྨིན་པའི་གནས་སུ་རྒྱུ།།

ལས་འབྲས་མེ་ཏོག་རྙིད་པའི་དངན་པ་ཞིག།

མི་འདོད་ཡིད་ཀྱི་ཕུག་ནས་ཤོར་བར་གྱུར།།

ཐག་རིང་ཟླ་བ་ངུ་བའི་ཚུགས་ཀ་དེ།།

མཐའ་མར་ཁྱོད་ལ་ཕུལ་བའི་དྲན་རྟེན་བཞིན།།

མེ་ལོང་ཟུར་གསུམ་ནང་ནས་ཁོ་བོ་ཅག།

ཅུང་ཙམ་དགོད་འདོད་ཡོད་ཀྱང་དགོད་མི་ནུས།།

རི་བོ་ཐང་ལ་ངལ་བའི་ཞོགས་པ་ཡང་།།

འཕྲིན་པ་བསྐུར་ས་ནོར་བའི་ཁོ་བོ་བཞིན།།

ཚིག་གི་རྒྱ་ལ་གྲོས་པའི་ཤཱ་བ་རི།།

སྤྲིན་པའི་ལྷན་དུ་རྨི་ལམ་རྫོགས་ཐབས་བྲལ།།

ཐང་སྟོང་ཐང་ཆེན་བརྒལ་བའི་སེམས་པ་ཞིག།

གྲིབ་ནག་དེ་ནས་གསལ་ཐབས་མེད་ན་ཡང་།།

མཛེས་མའི་མགུལ་ལ་བཏགས་པའི་སྲུང་མདུད་བཞིན།།

ལས་དང་སྨོན་ལམ་འོག་ཏུ་ཉལ་མི་འདོད།།

ཚེ་ཐོག་འདི་ལ་འཁྲུངས་པའི་ཀུན་རྟོག་བརྒྱ།།

མཐའ་མར་ཁྱོད་ལ་བྱིན་པའི་གློ་མཆིན་ལྟར།།

སྤྲིན་པ་ཡར་འགྲོ་དག་གིས་མི་མཐོང་རུང་།།

མར་འགྲོ་གསེར་ཉ་ཞིག་གིས་མཇལ་ན་འགྲིག།

ལོ་ཟླའི་མྱ་ངན་ཁ་བ་འབབ་པ་བཞིན།།

ང་ཡི་མིག་ཀོང་ནང་དུ་ཟེགས་པ་ན།།

ཡུན་རིང་ཚོར་བ་ཉམས་པའི་ཁ་ཤ་འདི།།

དལ་གྱིས་འགུལ་བ་དེ་ལ་སུ་ཞིག་དངངས།།

ཟླ་བ་ཁྱིམ་ལ་ལོག་སོང་མ་ཟེར་རུང་།།

ཐུན་མཚམས་ནག་གེར་ལུས་པས་གསལ་བར་གྱུར།།

འུ་གཉིས་ཞེས་པའི་ཚིག་གི་འཁོར་བ་ན།།

ང་ཡི་རྣམ་ཤེས་ཉིན་དང་མཚན་ལ་འཁྱམས།།

བུ་མོ་ཨ་གསར་ཅན་གྱི་གོས་སྣེ་རུ།།

ལོ་ཟླའི་རྦ་རླབས་འཕྱོ་བ་སུ་ལ་གསང་།།

གཏམ་དང་ཚིག་གི་འགོ་རྔ་སྒྲིག་པ་ན།།

སེམས་ཀྱི་མེ་ཏོག་གཞི་ནས་བཞད་འདུག་ཟེར།།

ང་ཡིས་རི་བོ་ཞིག་གི་རྣམ་ཐར་གླེང་།།

རྣམ་ཐར་ཕག་གི་ཨུ་དུམ་ཝཱ་ར་གླེང་།།

འདབ་ལག་གྲོལ་བའི་བར་ལ་ཐོན་པ་ན།།

བརྩེ་དུང་ཡོད་ཚད་རྒོད་ལ་སྦྱིན་པར་བྱ།།

རྨི་ལམ་རླུང་གིས་གཏོར་བའི་སྡུག་བསྔལ་གྱིས།།

ཁ་ཚིག་མང་ཡང་བདེན་དོན་མི་འདུག་ཨང་།།

ཆུ་བོ་གྱེན་དུ་ལྡོག་པའི་ཆོ་འཕྲུལ་ལས།།

ཕ་ཡུལ་དྲན་པའི་མགུར་ལ་འཐོམས་ནས་འགྲོ།།

༼ འཕུར་སྐྱོད། ༽