国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ཟླ་ལྔ་པའི་ནང་གི་ཁ་བ།

སྙིང་ཉེ། བོད་ཟླ་ལྔ་པའི་ནང་ལ་ཁ་བ་བབས་བྱུང་།

མི་ཚོས་དབྱར་ཁའི་ཁ་བ་ལ་མང་པོ་འཆད་ཀྱིན་འདུག།

འོན་ཀྱང་། དབྱར་ཁར་ཁ་བ་འབབ་པ་ནི།

དབྱར་ཁའི་མཛེས་པ་མངོན་ཚུལ་གཞན་ཞིག་ཡིན་ནམ།

ཡང་ན། དབྱར་ཁའི་མེ་ཏོག་དང་གཡུ་སྦྲང་

དག་གི་སྨོན་པ་གཞན་ཞིག་ཡིན།

བོད་ཟླ་ལྔ་པའི་ནང་ལ་ཁ་བ་བབས་བྱུང་། སྙིང་ཉེ།

མེ་ཏོག་གི་མགུལ་ན་ཁ་བ་ཐར་ཐོར་བབས་འདུག།

གཡུ་སྦྲང་གི་སེམས་ལ་ཁ་བ་ལྷབ་ལྷུབ་བབས་འདུག།

འབྲི་ནག་གི་ལྷས་ན་ཁ་བ་ཚམ་ཚོམ་བབས་འདུག།

འབྲོག་མོ་དག་གི་མཁུར་མགོ་ན་ཁ་བ་བུ་ཡུག་འཚུབ་འདུག།

སྦྲ་ནག་གི་འདབ་ན་ཁ་བ་བོང་བོང་བབས་འདུག།

གྲོང་ཁྱེར་གྱི་མཐའ་ན་ཁ་བ་ཁྱོན་ནས་འབབ་མི་འདུག།

སྙིང་ཉེ། བོད་ཟླ་ལྔ་པའི་ནང་ཁ་བ་བབས་བྱུང་ནའང་།

རྒྱ་གུར་གྲུ་བཞིའི་ནང་ན་ཁ་བ་ཚོར་གྱིན་མི་འདུག།

སྙིང་ཉེ། ཁ་བ་ནི་ལྷ་ཡུལ་ནས་བབས་པའི་

དངོས་གྲུབ་ཡིན།

ཁ་བ་ནི་མི་ཡུལ་ལ་སྐྱེས་པའི་མེ་ཏོག་ཡིན།

ཁ་བ་ལ་རེག་བྱ་གྲང་མོ་ཞིག་ཡོད།

དེ་ནི་མཐོ་སྒང་ནས་སྐྱེས་པས་ཡིན།

ཁ་བ་ལ་སེམས་པ་དཀར་པོ་ཞིག་ཡོད།

དེ་ནི་བོད་ཡུལ་ལ་བབས་པས་ཡིན།

བོད་ཟླ་ལྔ་པའི་ནང་ཁ་བ་འབབ་དུས།

སྙིང་ཉེ།

ངས་གཞས་ཚིག་ཅིག་དྲན་བྱུང་།

གཞས་པ་ཞིག་ཀྱང་དྲན་བྱུང་།

“ཁ་བ་མར་མར་འབབ་དུས།།

ང་ཡི་འགྲོ་ལམ་བཀག་བྱུང་།།”

སྙིང་ཉེ། བོད་ཟླ་ལྔ་པའི་ནང་ཁ་བ་བབས་བྱུང་།

རྨི་ལམ་ཞིང་གི་ལྗོན་པ་དེའི་རྩེ་ན་ཁ་བ་ཡོད་དམ།

སྤྲིན་པ་ལྷོ་རུ་ལྡིང་བའི་ཕར་ངོགས་ན་ཁ་བ་ཡོད་དམ།

༼ གཡེར་མ། ༽