ཚེས་ཆེན་དགུང་སྔོན་གྱི་ཟླ་བ།།
ངའི་འགྲམ་འཛུམ་པ་རང་གནང་དུས།།
ཞེ་འདྲིས་དུང་བ་ཡི་ཞལ་རས།།
ཡིད་ལ་འཁོར་བ་རང་བྱས་བྱུང་།།
སྐོར་ལམ་མི་ཚོགས་ཀྱིས་བཀང་དུས།།
ཆུང་འདྲིས་གཟུགས་བྱད་དང་འདྲ་བ།།
གཅིག་ཀྱང་མཐོང་བ་རང་མི་འདུག།
ངའི་སྣང་རྒྱ་ཡན་དུ་བཏང་སོང་།།
ལྷད་མེད་དྭངས་གསལ་གྱི་ཟླ་བ།།
མཚོ་ངོགས་འཕྲོས་པ་རང་གནང་དུས།།
བརྩེ་མཐུན་ཆུང་འདྲིས་ཀྱི་འཛུམ་ཞལ།།
ཡིན་སྣང་འཆར་བ་རང་ཤོར་སོང་།།
སྤྲིན་པའི་བང་རིམ་དེ་སྟུག་ལ།།
མཚམས་སྤྲིན་ཁ་དོག་དེ་མཛེས་པས།།
བཅོས་མིན་རོགས་ལོ་ཡི་བྱད་པ།།
སྣང་ངོས་གཡོ་བ་རང་གནང་བྱུང་།།
གསལ་གསལ་ཟླ་བ་ཡི་ཞལ་ཁྱིམ།།
གཙང་འགྲམ་འཚེར་བ་རང་བྱེད་དུས།།
སྔར་སོང་འུ་གཉིས་ཀྱི་རྐང་ལམ།།
མིག་སྣང་འཁོར་བ་དེ་མང་སོང་།།
ཟླ་ཟེར་རང་ཕྱོགས་སུ་འཕྲོས་དུས།།
ཤིག་ཤིག་ལྗོན་བཟང་གི་འོག་ཏུ།།
འུ་གཉིས་ཐུག་འཕྲད་ཀྱི་ལས་སྐལ།།
ཡིད་བརྙན་ཚོར་བ་དེ་ཟབ་སོང་།།
དཀར་གསལ་ཟླ་བ་ཡི་འཛུམ་ཟེར།།
ཤར་རིའི་ཕྲག་རྒྱན་ནས་འཕྲོ་དུས།།
ཆུང་གོམས་བྱམས་པ་ཡི་ཞལ་སྒོ།།
རང་སེམས་མཐིལ་འོག་ན་ལྷུང་བྱུང་།།
དགོང་ཀའི་ཉི་ནུབ་ཀྱི་ཀློང་ནས།།
ཟླ་འོད་ལམ་ལམ་དུ་འཚེར་དུས།།
ཆུང་འདྲིས་དགའ་མ་ཡི་རང་གཟུགས།།
དྲན་པའི་སྣང་ངོས་ལ་རེག་བྱུང་།།
ཟླ་བའི་སྤྱན་མིག་རེ་འཕེན་དུས།།
དྲན་པའི་ཚོར་སྣང་འདི་ཆེ་བས།།
ཆུང་འདྲིས་བལ་འཇམ་གྱི་གཤིས་ཀ།
རང་སྣང་འཆར་སྒོ་འདི་བརྡུངས་སོང་།།
ཚེས་ཆེན་བཅོ་ལྔ་ཡི་ཟླ་བ།།
ཨ་སྔོན་ཀློང་རོལ་ནས་འཛུམ་དུས།།
ཆུང་དུས་འདྲིས་པ་ཡི་མཛའ་མོ།།
ཡིད་མཚོ་མཁའ་མོ་ན་འཛུལ་བྱུང་།།
༼ སྙན་རྐང་གླིང་། ༽
