国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོ་སྒང་རྨང་གཞི་འཛུགས་སྐྲུན་གྱི་དཀའ་གནད་སླར་ཡང་བརྟོལ།

གདན་ཐོག་རི་བོའི་ཕུག་ལམ་དང་པོར་སྣུམ་སྙིགས་ལམ་གསར་བཏིང་།

10111_01B_20260616གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས་ཀྱི་ལས་ཡུལ་དངོས།

སྤྱི་ཟླ6པའི་ཚེས10ཉིན། གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས་ཏེ་གདན་ཐོག་རི་བོའི་ཕུག་ལམ་དང་པོར་སྣུམ་སྙིགས་བར་ངོས་རིམ་པའི་ཚོད་ལྟ་ལམ་དུམ་བདེ་བླག་ངང་བཏིང་ཟིན་པ་རེད། དེ་ལས་མཚོ་འཕགས་མཐོ་ཞིང་གནམ་གཤིས་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག་གཞི་ཁྱོན་ཆེ་བའི་ལམ་ངོས་ཨར་ལས་བྱེད་པར་འགག་རྩའི་གོམ་སྟབས་ཤིག་སྤོས་པ་ཐུབ་ཀྱིན་ཡོད་པ་མཚོན།

ཚོད་ལྟ་ལམ་དུམ་ལས་མཇུག་འགྲིལ་རྗེས་གནོན་ཚད་དང་ཁོད་སྙོམས་ཚད། ཆུ་སིམ་གཞི་གྲངས། མཐུག་ཚད་སོགས་དམིགས་ཚད་གཙོ་བོ་ཚང་མ་ཇུས་འགོད་དང་ལས་རིགས་ཀྱི་ཚད་ལྡན་བླང་བྱ་དང་མཐུན་པ་རེད། འཆར་གཞི་ལྟར་ད་ལོའི་སྤྱི་ཟླ6པ་ནས7པའི་བར་གདན་ཐོག་རི་བོའི་ཕུག་ལམ་དང་པོའི་སྣུམ་སྙིགས་བར་ངོས་རིམ་པ་བླུགས་ཚར་བ་དང་སྤྱི་ཟླ8པའི་ཟླ་འགོར་སྣུམ་སྙིགས་ལམ་ངོས་རིམ་པ་ཚོད་ལྟ་བྱེད་འགོ་ཚུགས་རྒྱུ་དང་། སྤྱི་ཟླ8པ་ནས9པའི་ཟླ་འགོར་ལམ་ངོས་བླུགས་ཚར་བ་བྱ་རྒྱུ་རེད།

གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་དར་མདོ་ས་མཚམས་བརྒལ་བའི་གཞུམ་ལམ་དུམ་བུའི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ཆ་ནས། གདན་ཐོག་རི་བོའི་ཕུག་ལམ་དང་པོའི་ཨར་ལས་བདེ་བླག་ངང་སྤེལ་ཐུབ་པ་དེ་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་དུས་ཚོད་དང་ཐད་ཀར་འབྲེལ་བ་ཡོད་པས། ལས་གཞི་བསྐྲུན་རྗེས་དར་མདོ་གྲོང་ཁུལ་བརྒྱུད་པའི་དུས་ཚོད་སྐར་མ30ནས15བར་བསྟུངས་ཐུབ་པས་ཉིན་རེར་ཆ་སྙོམས་རླངས་འཁོར་ཁྲི1.2ཙམ་ཁག་བགོས་ཐུབ་པ་དང་། རྒྱལ་སྲུང་གཞུང་ལམ་དུམ་བུར་སྐར་མ10ཡི་ནང“རི་བཞི་གྲོང་གཅིག”བསྐོར་ཐུབ་ནས་དུས་ཆེན་དང་གུང་གསེང་། དེ་བཞིན་རྒྱུན་གཏན་གྱི་རླངས་འཁོར་འགག་པའི་དཀའ་ངལ་རྦད་དེ་བསལ་རྒྱུ་ཡིན་པ་རེད།

མྱུར་བགྲོད་གཞུང་ལམ་དེ་གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་གཙོ་ལམ་དང་སྦྲེལ་ནས་དར་མདོ་དང་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་ལས་གྲྭ་གལ་ཆེན་དང་ལངས་གཟུགས་ཀྱི་ལམ་དྲྭ་ཆགས་ནས་གནོད་འགོག་ཤར་བགྲོད་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད། དར་མདོ་ནས་ར་རྔ་ཁའི་བར་ཆུ་ཚོད་གཅིག་གི་འགྲིམ་འགྲུལ་སྐོར་ལམ་དུ་ཚུད་པ་དང་། མཛའ་གཞས་གྲོང་དང་རྒྱུ་ལ་སོགས་ལྗོངས་ཁུལ་དང་སྦྲེལ་ནས“ཆུ་ཚོད་གཅིག་གི་རིག་གནས་ཡུལ་སྐོར་ལམ་རྒྱུད”བསྐྲུན་ཏེ་ཡུལ་མིའི་གནས་ཚང་དང་བཟའ་བཏུང་སོགས་ཐོན་ལས་དར་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)