国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པས་རྒྱུན་ལས་གྲོས་ཚོགས་ཐེངས87པ་འཚོགས།

སྤྱི་ཟླ6པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས87པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་དུ་འཁྱོལ་བ། འབྲེལ་ཡོད་གྲོས་དོན་ལ་གྲོས་ཞིབ་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

གྲོས་ཚོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲཱན་ཞི་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་གི་རྡོ་སོལ་གཏེར་ཁ་དང་པོའི་ཝ་སེའི་ལས་འཛོལ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ལས་འཛོལ་གྱི་བསླབ་བྱ་བསྡུ་ལེན་གང་ལེགས་དང་། གཅིག་ཤེས་ཀུན་གྲོལ་དང་རང་འགན་གཙང་སྒྲུབ་བྱས་ནས་ཉེན་མེད་ཐོན་སྐྱེད་དང་གནོད་ཟོན་གནོད་སེལ་གྱི་ལས་དོན་དམ་འཛིན་ཞིབ་ཚགས་བྱས་ཏེ། ལས་འཛོལ་ཚབས་ཆེན་མི་ཐོན་པའི་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས་ཤིང་། གཅིག་ནི་གཙོ་གནད་ལ་དམིགས་དགོས་པ་དང་། གཉིས་ནི་འགན་འཁྲི་ནན་དུ་གཏང་དགོས། གསུམ་ནི་སྔོན་འགོག་ནན་པོ་བྱ་དགོས་ཞེས་ནན་གསུང་གནང་ཡོད།གྲོས་ཚོགས་སུ་ཐབས་ཇུས་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་བསྟར་དགོས་པ་དང་། ཐོན་ལས་ལ་རོགས་འདེགས་དང་ལས་ཞུགས་འབབ་འཕར་ཡོང་བ་བྱ་དགོས་པར་བསྟན།

ཚོགས་འདུར་ཐུན་མོང་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》སློབ་སྦྱོང་བྱས་པ་རེད། ཚོགས་འདུར་དཀར་མཛེས་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ཞིག་ཡིན་པའི་ངོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་དམངས་འཚོའི་བདེ་སྐྱིད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དེ་བས་འབྲེལ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་དམིགས་ནས“ས་ཞིང་སྤྱོད་ཕྱིན་ངེས་པར་དུ་འདྲི་རྩད་དགོས་པ”སོགས་ཀྱི་འགྱུར་མེད་གཅུན་འདོམས་ལག་བསྟར་ནན་པོ་བྱ་དགོས། རི་དང་ཆུ། ནགས། ཞིང་། མཚེའུ། རྩྭ། བྱེ་མ་བཅས་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་མཉམ་དུ་སྐུལ་བ་དང་། སྲུང་སྐྱོང་ཆུ་ཚད་མཐོན་པོ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་གཅིག་གྱུར་འཆར་འགོད་བྱས་ཏེ། ཁུལ་ཡོངས་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་ལེགས་པོར་ཡོང་ཆེད་སྐྱེ་ཁམས་ཉེན་མེད་ཀྱི་རྨང་གཞི་བརྟན་དུ་གཏང་དགོས་པ་བསྟན་ཡོད།།

( བདེ་སྐྱིད་ཀྱིས་བསྒྱུར།)