སྤྱི་ཟླ6པའི་ཚེས13ཉིན། 2026ལོའི་དཀར་མཛེས་ཁུལ་གྱི་འབྲིང་རྒྱུགས་ཀྱི་འགོ་བཙུགས་པ་རེད། ད་ལོར་ཁུལ་ཡོངས་སུ་འབྲིང་རྒྱུགས་ལ་ཞུགས་མཁན་ཁྱོན་སློབ་མ14113ཡོད་ལ། ཁོ་ཚོས་ལོ་ངོ་མང་པོའི་རིང་ལ་དཀའ་སྤྱད་སྡུག་རུས་བྱས་པའི་འབྲས་བུ་ངོམ་པའི་དུས་ལ་སླེབས་སོང་བ་ཡིན་པས། སྙིང་སྟོབས་དང་ཡིད་ཆེས་ཀྱིས་ཀུན་ནས་བརྟས་ཤིང་། ཕུགས་འདུན་དང་འཚོལ་སྙེག་གི་རེ་བ་ཡིད་ལ་བཅངས་ནས་རྒྱུགས་རར་ཞུགས་བཞིན་ཡོད།
ད་ལོར་རང་ཁུལ་གྱིས་འབྲིང་རྒྱུགས་རྒྱུགས་གནས་གཅིག་གྱུར་འཆར་འགོད་བྱས་ཤིང་། རྫོང(གྲོང་ཁྱེར)18ལ་ཚད་ལྡན་ཅན་གྱི་རྒྱུགས་གནས34དང་། རྒྱུན་སྲོལ་གྱི་རྒྱུགས་ར488བཙུགས་ཤིང་། རྒྱུགས་དོན་དང་རིམས་འགོག།ཞབས་ཞུའི་འགན་ལེན་བཅས་འཐུས་སྒོ་ཚང་དུ་བཏང་སྟེ་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ལ་ཞུགས་པའི་སློབ་མར་ཞབས་ཞུ་གོ་རིམ་ལྡན་པའི་ངང་ནས་ཞུས་ཡོད།
ཁུལ་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་འགྲིམ་འགྲུལ། འཕྲོད་བསྟེན། གློག་ཤུགས། རང་འདུན་ཞབས་ཞུ་སོགས་སྡེ་ཁག་ཁག་གི་ཁོངས་མི་ཡོངས་ལས་གནས་སུ་ཞུགས་ནས་འབྲིང་རྒྱུགས་ཉེན་མེད་དང་བརྟན་བརླིང་། བདེ་བླག་བཅས་ཡོང་བར་འགན་སྲུང་དང་རྒྱུགས་ཞུགས་སློབ་མ་ཁྲི་སྟོང་མང་པོའི་ཕུགས་འདུན་འཚོལ་སྙེག་གི་ལམ་བུ་སྲུང་སྐྱོང་དང་རོགས་དན་ཕྱོགས་ཡོངས་ནས་བྱས་ཡོད།
སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་རྫོང་དང་གྲོང་ཁྱེར་ཁག་གི་རྒྱུགས་གནས་ཕྱོགས་ཀྱི་གཞུང་ལམ་བདེར་བགྲོད་ཐུབ་པར་འགྲིམ་འགྲུལ་འཆར་འགོད་སྔ་སྣུར་གྱིས་བཟོས་ཤིང་། ཡིག་རྒྱུགས་སྤྲོད་རིང་རྒྱུགས་གནས་ཁག་གི་མཐའ་འཁོར་དུ་ཉེན་ཟོན་སྐོར་ཞིབ་བྱས་ཏེ་མཐའ་འཁོར་གྱི་འགྲོ་ལམ་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་རླངས་འཁོར་གྱི་འཛེར་སྒྲ་དང་དུང་བརྡ་གཏང་རྒྱུ་གཏན་འགོག་བྱས་ཏེ་རྒྱུགས་སྤྲོད་འགྲོ་ལམ་ཉེན་མེད་དང་རྒྱུགས་རའི་ཁོར་ཡུག་ལྷིང་འཇགས་དང་གོ་རིམ་ལྡན་པ་ཡོང་རྒྱུར་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
དེ་དང་ཆབས་ཅིག་འགན་ལེན་ལས་གནས་ཁག་གིས་ལས་དོན་མི་སྣས་གནས་གཏན་འཁེལ་གྱི་ལས་རེས་སྲུང་བ་དང་། རྒྱུན་ཆད་མེད་པར་སྐོར་ཞིབ་བྱེད་པའི་སྒྲིག་ཆས་སྤྱད་དེ་རྒྱུགས་རའི་གློག་མཁོ་འདོན་དང་། བརྡ་རྟགས་ཤར་གཏོང་ཐུབ་རྒྱུར་ཤུགས་ཡོད་རྒུས་འགན་ལེན་བྱས། འཕྲོད་བསྟེན་སྡེ་ཁག་གིས་རྒྱུགས་གནས་སུ་གནས་སྐབས་སྨན་བཅོས་ཞབས་ཞུ་ས་ཚིགས་བཙུགས་ནས་རྒྱུན་སྤྱོད་སྨན་རྫས་དང་དེ་བཞིན་འཚུབ་བསྟུན་སྲོག་སྐྱོབ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་རྒྱུགས་སྤྲོད་སློབ་མའི་གཟུགས་པོ་མི་བདེ་བ་སོགས་ཐོལ་བྱུང་གནས་ཚུལ་ལ་དུས་ཐོག་ཏུ་ཁ་གཏད་བཅག་པ་རེད། སྡེ་ཚན་ཁག་གི་ལས་བགོས་ཁ་གསལ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་འབྲིང་རྒྱུགས་ཀྱི་ཉེན་མེད་འགན་ལེན་བརྟན་དུ་བཏང་།
ད་ལོར་ཁུལ་ཡོངས་ཀྱི་རྒྱུགས་གནས་ཁག་གིས་ས་གནས་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱུགས་དོན་དོ་དམ་ཞིབ་ཚགས་དང་ཞབས་ཞུའི་བྱ་ཐབས་ལེགས་སུ་བཏང་ནས་མཐོ་སྒང་གི་སློབ་ཕྲུག་ཚང་མར་སྲུང་སྐྱེལ་བྱས་ཡོད།།
( ཨོ་རྒྱན་གྱིས་བྲིས།)
