国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲན་པའི་གཏིང་།

སོར་མོའི་འདེགས་འཇོག་གི་བར་ན།།

ངག་གི་རྒྱ་མཚོ་རང་བསྐྱིལ་བའི།།

སེམས་ངོགས་ཟླ་གཞོན་གྱི་ཚོར་འདུ།།

རླབས་ཀྱི་འགྲམ་ངོགས་ན་ཤར་བྱུང་།།

སྐར་མ་བརྒྱ་འཛོམས་དང་སྟོང་འཛོམས།།

དྲན་པའི་ནམ་མཁའ་དེ་གསལ་བས།།

མཚན་མོའི་འུག་ཁྱུ་བཞིན་འཕུར་ནས།།

དལ་བ་ཁྱོད་ས་རུ་ཉུལ་འདོད།།

ནང་སེམས་སྤྲིན་དཀར་གྱི་ལང་ཚོར།།

དམ་ཚིག་མཐུན་ལུང་གི་འཕྲིན་པ།།

སྙིང་གཏམ་བསིལ་རླུང་ལ་བཏབས་ནས།།

ན་ནིང་ཆུང་འདྲིས་དེར་འཕྲོད་ཤོག །

ལོ་དང་ཟླ་བ་རེ་བརྒལ་མཚམས།།

འགྱུར་བ་མི་རྟག་གི་ཟློས་གར།།

ད་ཡོད་ད་མེད་ཀྱི་འགྱུ་བག །

སེམས་པའི་རུམ་གསེང་དུ་སྐྱོ་སོང་།།

རས་རྐྱང་ན་བཟའ་ཞིག་སེར་གྱིན།།

ལུས་ངག་ཆོས་གྲལ་དུ་འཚང་ཡང་།།

བློ་སེམས་ཁྱོད་ཉིད་ལ་འཐིམས་པས།།

ཞི་བའི་རྒྱལ་ས་དེ་མ་རྙེད།།

ཁྱོད་ཀྱི་འཛུམ་ཆུང་དེ་གཡར་ན།།

དམྱལ་ཁམས་འགྲིམ་དགོས་གཅིག་བྱུང་ཡང་།།

འགྱོད་མེད་ཞེ་ཐག་འདི་ཆོད་པས།།

ཟུར་མིག་ལན་གཅིག་ཙམ་འཕེན་རོགས།།

ངལ་དུབ་བཅོ་བརྒྱད་ཙམ་བརྒལ་ཡོད།།

རྔུལ་ཆུ་བརྒྱ་ཕྲག་གཅིག་ཕྱིས་ཟིན།།

ལས་ཀྱི་འདུན་མ་དེ་འགྲིག་ན།།

མཇལ་འཛོམས་སྨོན་པ་དེ་བཏབ་བཞག །

༼ རང་མདངས། ༽