ལོ་རེའི་བོད་ཟླ་ལྔ་པའི་ཚེས་གཅིག་ནས་བཅུའི་བར་དུ་སློབ་གླིང་འདིའི་དབྱར་གནང་གི་དུས་ཚིགས་རེད། དབྱར་གནང་ལ་ཉིན་ཞག་བཅུ་ལས་མེད་ཀྱང་། གནས་མཇལ་དང་སྤྲོ་འཆམ་སོགས་ལ་དུས་ཚོད་མང་པོ་བཀོལ་ཆོག། ན་ནིང་གྲོགས་པོ་འགའ་དང་མཉམ་དུ་ཉིན་ལྔའི་རིང་ལ་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཀ༔དཔལ་རྫོགས་གསུམ་ལ་མཇལ་བ་དང་། ཉིན་གསུམ་གྱི་རིང་ལ་ཕ་ཡུལ་ནས་པཱ་ལགས་ཀྱི་མདུན་ནས་ཁྱིམ་ཚང་འདིའི་སྐྱིད་ལ་སྡུག་པའི་གཏམ་རྒྱུད་མང་པོ་ལ་ཉན་པ་ཡིན། ན་སོན་འཕར་བས་ཡིན་ནམ། ཡང་ན་བག་ཆགས་ཁྲོད་ཀྱི་གོམས་སྲོལ་དག་སེམས་ཁོང་ནས་ཇེ་གསལ་དུ་ཕྱིན་པས་ཡིན། ལོ་སྔོན་མ་དག་དང་བསྡུར་ན་དབྱར་གནང་གི་དུས་ཚིགས་འདིར་གནས་ག་གེ་མོ་ཞིག་ཏུ་སྤྲོ་འཆམ་ཙམ་ལ་གཡེང་ནས་དུས་འདའ་བ་ཙམ་གྱིས་མི་ཚིམ་པར། ག་ཤེད་དུ་གནས་མཇལ་ལ་བསྐྱོད་དགོས་པ་དང་། ཡང་ན་སུ་ཞིག་གི་སྐྱིད་ལ་སྡུག་པའི་མི་ཚེའི་གཏམ་རྒྱུད་ལ་མཉན་དགོས་པའི་ཚོར་བ་བཅོས་མིན་དུ་སླེབས། ལྷག་པར་ད་ལོ་པཱ་ལགས་ཀྱི་སྐྱིད་ལ་སྡུག་པའི་མི་ཚེའི་གཏམ་རྒྱུད་དག་ཚིག་གི་བསྟར་ལ་བརྒྱུས་ཏེ་སྒྲུང་རིང་ཞིག་བྲི་དགོས་པའི་འཆར་གཞི་འཐེན་ཡང་། རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་བསམ་ཐོག་ཏུ་མ་བྱུང་། ཡིན་ནའང་། པཱ་ལགས་ཀྱི་གཏམ་རྒྱུད་མང་པོ་ཞིག་སེམས་དང་ཡིད་ཀྱིས་མཉན་རྒྱུ་བྱུང་བས་སེམས་ལ་སྨྲ་མི་ཤེས་པའི་སྤྲོ་བ་ཆེན་པོས་བརྟས། བོད་ཟླ་ལྔ་པའི་ཚེས་བདུན་ཉིན་གྱི་ཞོགས་པར་ཆར་པ་ཟམ་ཟིམ་ཞིག་འབབ་ཀྱིན་འདུག། ང་རང་སྔ་མོ་ནས་མལ་ལས་ལྡངས་ཏེ་རི་ཁྲོད་ཀྱི་ཤུལ་མཇལ་བའི་སྟ་གོན་བྱས་པ་ཡིན། མ་གཞི་ད་ལོ་དབྱར་སྟོད་ལ་ཆར་ཆུ་དཀོན་ཞིང་། དབྱར་དཀྱིལ་དུ་ཆར་ཆུ་མོད་པས་མདང་ནུབ་མཚན་ཧྲིལ་པོར་བབས་ཀྱང་འབབ་རྒྱུན་ད་དུང་ཆད་མི་འདུག མགོ་བོ་གནམ་ལ་ཟུག་པའི་རི་བོ་མཐོན་པོ་རྣམས་ཀྱང་སྨུག་སྤྲིན་སྟུག་པོ་ཞིག་གིས་ཀུན་ནས་གཡོགས་འདུག། ང་རང་སེམས་བྱུང་ཞིག་གིས་ཡང་ཡང་འཐེན་ཏེ་སྡོད་མི་ཚུགས་པར་གྱུར་ཀྱང་། ལུས་ཀྱི་རྨ་ཁ་གང་ཞིག་ལ་ཟ་འཕྲུག་ལངས་པ་ཇི་བཞིན་བསྲན་ནས་མི་འདུག་ཀ་མེད་བྱུང་། ཉིན་གུང་ཙམ་ནས་ད་གཟོད་ཆར་པ་འབབ་མཚམས་ཆད་ཅིང་། སྤྲིན་པ་སྟུག་པོ་དེ་དག་ཀྱང་རླུང་བུས་བདས་ཏེ་ག་སོང་ཆ་མེད་དུ་གྱུར། ཉིན་གུང་དེར་ཉི་འོད་ཤིན་ཏུ་ཚ་ཡང་ཚ་གདུག་དང་ངལ་དུབ་ལ་མ་བསམ་པར་པཱ་ལགས་དང་པཱ་ལགས་ཀྱི་གཏམ་རྒྱུད་དང་བསྡོངས་ནས་ལམ་ལ་ཞུགས་པ་ཡིན། འདི་ནི་ང་རང་རི་ཁྲོད་ཀྱི་ཤུལ་དུ་སྐྱོད་ཐེངས་དང་པོ་ཡིན། མ་གཞི་རི་ཁྲོད་འདི་ནི་ང་སྡོད་ས་ནས་ཤར་ཕྱོགས་སུ་སོང་ན་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་ཡོད། ང་རང་ལོ་སྔོན་མ་ནས་རི་ཁྲོད་ཀྱི་ཤུལ་དུ་ཐེངས་གཅིག་བསྐྱོད་འདོད་ཡིད་ལ་ཡང་ཡང་ཡོད་ཀྱང་། སྒྱིད་ལུག་དང་བག་མེད་ཀྱིས་ཕྱིར་འགྱངས་བྱས་ཏེ་འགྲོ་རྒྱུ་མ་བྱུང་། ད་ཐེངས་གྲོགས་པོ་དག་ལ་ཁ་གཡར་ས་ཅི་རིགས་ཤིག་བཙལ་ཏེ་དམིགས་ཡུལ་དང་འཆར་གཞི་ཅི་ཡང་མེད་པར་བསྐྱོད་པ་ཡིན། ང་སྡོད་སའི་གྲོང་འདབས་ནས་རྐང་ལམ་ཕྲ་མོ་ཞིག་བརྒྱུད་དེ་སོང་ན་རི་གཟར་མོ་ཞིག་གི་སྐེད་པ་ན་ཆགས་ཡོད། གནའ་སྔ་མོའི་དུས་སུ་རི་སྐེད་ཀྱི་རྐང་ལམ་ཀྱག་ཀྱོག་འདི་བརྒྱུད་དེ་མཁས་གྲུབ་སྐྱེས་ཆེན་དམ་པ་མང་པོ་ཞིག་གནས་འདིར་འོངས་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ་ཚེ་ཡི་དུས་བྱས་མྱོང་། ད་ལྟ་གནས་འདིར་སྒྲུབ་པ་ཉམས་ལེན་གནང་མཁན་ལྟ་ཅི། མིའི་འགྲུལ་བཞུད་ཀྱང་རྒྱུན་ཆད་ནས་ཧ་ལམ་ལོ་ངོ་སུམ་ཅུ་ལྷག་སོང་འདུག། གལ་ཏེ་གནས་འདིར་ཡོང་མཁན་ཞིག་སྲིད་ན་རི་དྭགས་རིགས་ཤིག་ཡིན་པ་ལས་མི་ནི་གཏན་ནས་ཡིན་རྒྱུ་མ་རེད། མ་ཚད་འདིའི་སྐོར་ལ་དོ་སྣང་བྱེད་མཁན་ཡང་ཧ་ལམ་མེད་ཚོད་རེད། རྩྭ་དང་རྩི་ཤིང་མང་པོས་ལམ་གྱི་གཡས་གཡོན་ནས་འཚངས་ཏེ་རི་སྐེད་ཀྱི་རྐང་ལམ་ཀྱག་ཀྱོག་དེ་ཡང་ཕལ་ཆེར་ནུབ་ལ་ཉེ། སྔོན་ཆད་འགྲོ་འོང་ཤིན་ཏུ་མང་བའི་རྐང་ལམ་འདི་ཡང་ད་ནི་ཁེར་རྐྱང་དུ་ལུས་འདུག། རི་ཁྲོད་དུ་སླེབས་པ་ན། ངའི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་དོན་ལྔ་སྣོད་དྲུག་ཏུ་འཁྱིལ་བྱུང་། ཁང་ཤུལ་དག་གི་འགྲམ་དུ་སྐྱེས་པའི་ལྗོན་པ་རྣམས་ཀྱིས་སུ་ཞིག་ལ་རེ་སྒུག་བྱེད་པར་བཞིན་ཁུ་སིམ་མེར་རླུང་བུའི་རྒྱུ་ཕྱོགས་དང་བསྡོངས་ནས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག། བྱེའུ་དང་འཇོལ་མོ། ད་དུང་མིང་མི་ཤེས་པའི་འདབ་ཆགས་རྣམས་ལྗོན་པའི་ཡལ་གར་བབས་ཏེ་སྐད་སྙན་སྣ་ཚོགས་སྒྲོག་ཅིང་མཆིས། རླུང་བུ་འཇམ་པོ་ཞིག་ཀྱང་སྐབས་དང་སྐབས་སུ་ལྡང་འོང་བས་སེམས་ལ་དགའ་བ་དང་སྐྱོ་བ་ལྷང་ངེར་བ་ཞིག་སྐྱེས་ཡོང་། པཱ་ལགས་ཅུང་ཟད་ཐང་ཆད་ཡོད་པ་འདྲ་སྟེ་ཁོས་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་ངལ་གསོ་བྱས་བྱུང་། ཁོས་མིག་གིས་ལྗོན་ཤིང་ལ་ལྟ་བཞིན་འདིའི་མིང་ལ་བན་ཕྲུག་བླ་ཤིང་ཟེར། སྔོན་ཆད་འདི་ནས་ལོ་མང་རིང་ཉམས་ལེན་ལ་གཞོལ་བའི་བན་ཕྲུག་གིས་བཙུགས་པ་རེད་ཅེས་བཤད་བྱུང་། ངས་གོ་ཐོས་ལྟར་ན་བན་ཕྲུག་ནི་མཁས་པའི་མཚན་སྙན་ཡོད་པའི་བླ་མ་ཞིག་སྟེ། ཁོང་སྐུ་ན་ཆུང་དུས་རྫོགས་ཆེན་དགོན་དུ་སོང་ནས་ལོ་མང་རིང་སློབ་གཉེར་བྱས། སྐབས་དེར་གཏེར་ཆེན་ལས་རབ་གླིང་པ་དང་། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རྣམ་གཉིས་ཀྱིས་ཁོང་ལ་བསྟོད་པ་དང་མཐོང་བཟོས་ཆེན་པོ་མཛད་མྱོང་ཞིང་། ལྷག་པར་གཏེར་ཆེན་ལས་རབ་གླིང་པས་ཁོང་ལ་དྲིལ་བུ་དང་ཌ་རུ་སོགས་བྱ་དགའ་བྱིན་ཏེ་མཐོང་བཟོས་ཆེན་པོ་མཛད། ངེད་ཀྱི་ཕ་ཡུལ་དུ་མཁས་གྲུབ་སྨོན་ལམ་ཕུད་པའི་ཁོང་ལས་མཁས་པ་ཞིག་བྱུང་མ་མྱོང་བ་རེད། ཁོང་སྐུ་ཚེ་སྨད་ལ་འཁོར་བར་སྐྱོ་ཤས་ཀྱི་ངེས་འབྱུང་དྲག་པོ་སྐྱེས་ཏེ་གནས་འདི་ནས་སྐུ་ཚེ་གང་བོར་བཞུགས་པ་དང་། དེ་དུས་རི་ཁྲོད་འདིར་ཉམས་ལེན་པ་མང་པོ་མེད་ཀྱང་། ཆོས་ཞུ་མཁན་རྣམ་ཀུན་རྒྱུན་ཆད་མེད་པར་ཡོད་འདུག། ཁོང་སྐུ་མྱ་ངན་ལས་འདས་རྗེས་རི་ཁྲོད་འདིར་ཉམས་ལེན་པ་ཁ་ཤས་ཤིག་བྱུང་མྱོང་ཡང་དེ་ཚོ་རྒྱུན་རིང་པོ་གནས་མེད། དེ་ནས་བཟུང་མི་རྟག་པའི་གཡང་དུ་ལྷུངས་ཏེ་ད་ལྟ་གྱང་ཤུལ་ཁ་ཤས་ཤིག་ལས་ཅི་ཡང་མི་འདུག། ཚེ་གཅིག་སྒྲུབ་པ་ཉམས་ལེན་ལ་གཞོལ་ཅིང་འཇིག་རྟེན་ཆོས་བརྒྱད་ལ་ཡེ་མི་དགྱེས་པའི་སྐྱེས་བུ་དམ་པ་ཁོང་ཚོ་གནས་འདི་དང་བྲལ་བས། ད་ལྟ་གནས་འདིའི་གྱང་ཤུལ་དག་ཀྱང་ཤིན་ཏུ་གཉོམ་ཆུང་གི་ཚུལ་གྱིས་འགྲེངས་ཏེ་སུ་ཞིག་ལ་རེ་སྒུག་བྱེད་ཀྱིན་འདུག། ང་རང་གྱང་ཤུལ་རེ་རེའི་རྩར་སོང་ནས་པར་མང་དུ་བརྒྱབ་རྗེས། སེམས་ཁྲལ་དང་སྐྱོ་གདུང་། ཡང་ན་འཕྲེང་སེམས་ཀྱིས་ཕྱི་མིག་ཡང་ཡང་ལྟ་བཞིན་པཱ་ལགས་དང་མཉམ་དུ་ཕྱིར་ཁྱིམ་དུ་ལོག།
༼ སྦྲ་འཚོ། ༽
