国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱིད་ཆུའི་འགྲམ་ གྱི་ལྷ་མོ།

བདག་གིས་འཁོར་བའི་ཐང་ནས་ངལ་དུབ་ལ།།

འཛེམ་མེད་དཀའ་སྡུག་ཅི་ཙམ་མྱངས་ན་ཡང་།།

གང་གི་སྤྱན་རས་ཕྱོགས་སུ་འཆར་ཙམ་གྱིས།།

སྐྱེ་བའི་ལས་ཀྱི་བསོད་ནམས་རྫོགས་པར་ངེས།།

དཔྱིད་ཀྱི་མེ་ཏོག་འཛུམ་པའི་ངང་ཚུལ་གྱིས།།

བཅོས་མིན་ཞལ་རས་སྙིང་ལ་ཡང་ཡང་སྡུག །

ཁྱོད་ཀྱི་མཛེས་པ་ཐམས་ཅད་མིག་མདུན་ནས།།

ཡལ་བ་མེད་པར་གཏན་དུ་གནས་པས་ཆོག །

ལྗོན་ཤིང་བསིལ་གྲིབ་འོག་ཏུ་འགྱེལ་ན་ཡང་།།

གཙང་པོའི་འགྲམ་གྱི་ལྷ་ཡི་སྡུ་གུ་མས།།

ཕྱག་གིས་བདག་ལ་བརྡ་ཞིག་གནང་བ་ནི།།

ཡུན་དུ་སེམས་ནས་བརྗེད་ཐབས་མི་འདུག་མོད།།

གསོན་མཐར་འཆི་བ་འགྲོ་བའི་ཆོས་ཉིད་ཅིག །

བཟློག་རྒྱུ་མེད་པ་རི་གཟར་རྦབ་རྡོ་སྟེ།།

ཐོབ་པ་གཅིག་ཀྱང་འཁྱེར་དབང་མི་འདུག་པར།།

ཤུལ་དུ་བསྐྱུར་དགོས་བྱུང་ཡང་སྐྱོ་དོན་མེད།།

རང་རང་འཚོ་བའི་སྐབས་ཀྱི་འཇིག་རྟེན་དུ།།

མཛེས་སྡུག་གྲངས་ཀྱི་མི་ཆོད་སྐྱིད་ཆུའི་འགྲམ།།

ལྷ་ཁྱོད་མེ་ཏོག་འདྲ་ཞིག་མཛའ་གྲོགས་སུ།།

བཀུག་པས་བདག་བློ་ཞེ་སེམས་གཏིང་ནས་ཚིམ།།

ངག་སྙན་འགྱུར་ཁུག་དབུས་ནས་ཁྱོད་ལ་འབོད།།

མཛེས་མཛེས་མེ་ཏོག་ཚལ་ནས་ཁྱོད་ལ་བཙལ།།

གང་ལྟར་མུ་མཐའ་བྲལ་བའི་སྲིད་ཁམས་ནས།།

ཁྱོད་རང་འཚོལ་ཆེད་མི་ཚེ་རིམ་བཞིན་རྫོགས།།

གཞན་གསོས་ཁུ་བྱུག་བུ་མོའི་གདངས་དབྱངས་སུ།།

རྣ་བ་གཏད་དེ་ཅི་ལྟར་ཉན་ན་ཡང་།།

ཁྱོད་ཀྱི་གསུང་འཕྲིན་ཡིན་སྙམ་དོགས་པ་ལས།།

དགོས་མེད་རིང་དུ་གྲགས་པར་ག་ལ་སེམས།།

འདི་ན་ཁྱོད་ཞལ་སྙིང་ལ་སྡུག་པ་ཡི།།

ངག་མཁན་ཁེར་རྐྱང་བདག་འདྲའི་ཚོར་སྣང་གིས།།

སྤྲིངས་པའི་སྙན་ཚིག་ཐོལ་བྱུང་འབབ་པ་ཡང་།།

འུ་གཉིས་ལས་དབང་ཡོད་པའི་མཚན་མར་འཛིན།།

༼ ཁམས་ཟླ་སྲས། ༽