国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་འདུན་མ་ལྷོད་ལ་མི་གཏོང་ཞིང་།། ཆོད་སེམས་བརྟན་པོས་རང་གི་མདུན་ལམ་སྙེག།

དཔལ་ལྷ་བོད་ཀྱི་གོས་རྒྱན་ཚོང་གཉེར་ཁང་གི་ཚོང་བདག་མ་བདེ་སྐྱིད་སྒྲོལ་མའི་གནས་ཚུལ་རགས་བཀོད།

ཉིན་གུང་གི་ཁ་ལག་ཀྱང་མཆོད་ཁོམ་མེད་པར་ཚོང་ཁང་གི་ཕྱི་ནང་བར་གསུམ་དུ་གད་གཙང་གི་ལས་ལ་བྲེལ་བཞིན་པའི་བདེ་སྐྱིད་སྒྲོལ་མས་བོད་ཀྱི་གོས་རྒྱན་གསར་པ་ཁག་ཅིག་གཤོམ་སྒྲིག་བྱེད་ཞོར་འགྲུལ་པ་ཚོར་སྣེ་ལེན་དང་ངོ་སྤྲོད་ཞིབ་ཕྲ་བྱེད་བཞིན་མཆིས། ཚོང་ཁང་དུ་འཛུལ་མ་ཐག་བོད་སྤོས་ཀྱི་དྲི་ངད་ཅིག་སྣ་ལམ་དུ་འཐུལ་ཡོང་ལ། དཀྱིལ་གྱི་བཤམས་སྒྲོམ་ལས་རྒྱན་ཆ་སྣ་ཚོགས་ཆ་འགྲིག་ལ་མདངས་བཟང་བས་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག། རྒྱུ་སྤུས་ལེགས་ཤིང་ཁ་དོག་མི་གཅིག་ཅིང་ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ་བའི་གྱོན་ཆས་སྣ་ཚོགས་གྲལ་ཏུ་བསྟར་བས་འགྲུལ་པ་ཚོ་ཚོང་ཁང་འདིར་འབྱོར་བ་ན། གོས་རྒྱན་རིགས་ཤིག་མི་ཉོ་རང་དབང་མེད་པའི་ཚོར་བ་ཞིག་སྟེར་ཡོང་།

ངས་ཚོང་ཁང་གི་ཟུར་ཞིག་ནས་ཐེར་མའི་ཕྱུ་པ་ཞིག་ལ་བལྟས་ཏེ་བསྡད་པ་ཡིན། ཡུད་ཙམ་འགོར་རྗེས་མོས་འགྲུལ་པ་དེ་ཚོར་སྣེ་ལེན་བྱས་ཚར་ཏེ་ངའི་བཅར་འདྲི་དང་ལེན་བྱས་སོང་།

བདེ་སྐྱིད་སྒྲོལ་མ་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་ལ། མོ་ཡང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་སྐྱ་གད་ཡུལ་ཤོག་རི་ཐོག་སྡེ་བ་ནས་འཚར་ལོངས་བྱུང་བའི་མི་ཉག་པའི་སྐྱེས་མ་ཞིག་ཡིན། དེང་སང་ཁམས་མི་ཉག་ཡུལ་གྱི་གཞོན་སྐྱེས་མི་ཉུང་བ་ཞིག་སློབ་གྲྭ་ཆེ་འབྲིང་ནས་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་གྱི་པང་དུ་ལོག་ནས་རང་རང་གི་ལས་གཏོད་དང་ཚོང་ལས་ཀྱི་བྱ་བར་གཞོལ་བཞིན་མཆིས་ཤིང་། ཁོ་ཚོས་རང་རང་གི་ལས་གཏོད་ཀྱི་ཕུགས་འདུན་འཆང་བའི་ལམ་བུའི་ཐོག་ཁ་ཆར་དང་བུ་ཡུག་གི་དཀའ་སྡུག་མང་པོ་ཁྱད་དུ་བསད་དེ་ཐོག་མའི་བསམ་འདུན་བརྟན་སྲུང་དང་། སྲོལ་རྒྱུན་རིག་གནས་དང་དེང་རབས་ཚོང་ལས་མཉམ་འབྲེལ་གྱིས་བོད་རང་གི་གོས་རྒྱན་རིག་གནས་འདི་དག་མཐོ་སྒང་ནས་ཐོན་ཏེ་འཛམ་གླིང་ལ་ཕྱོགས་པའི་ལས་གཏོད་ཀྱི་གཏམ་རྒྱུད་རེ་རེ་འཆད་བཞིན་ཡོད་ལ། ཁོ་ཚོས་ལོ་དང་ཟླ་བ་བརྒྱུད་དེ་འཇོན་ནུས་དང་རྒྱུན་འཁྱོངས་པའི་ངར་ཤུགས་ཀྱིས་མི་ཚེའི་རྣམ་པ་གསར་པ་བཏོད་དང་གཏོད་བཞིན་ཡོད་དོ།།

ཆུང་ངུའི་དུས་ནས་གཞན་ལས་ཁྱད་འཕགས་ཀྱི།།

ཕུགས་ཀྱི་འདུན་མ་རང་གི་རྒྱུད་དང་འགྲོགས།།

བདེ་སྐྱིད་སྒྲོལ་མ་ཆུང་དུས་ནས་ཡུལ་ཤོག་སློབ་ཆུང་དུ་ཞུགས་ཏེ་བོད་རྒྱ་རྩིས་གསུམ་གྱི་བདུད་རྩི་མངར་མོར་རོལ་མྱོང་གི་སྐལ་བ་བཟང་པོ་ཐོབ་པ་དང་། སྤྱི་ལོ2000ལོར་དར་མདོ་རྫོང་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད། སློབ་གྲྭ་དེའི་དྲུང་ཡིག་ཆེད་སྦྱོང་འཛིན་གྲྭ་ནས་བོད་རྒྱ་དབྱིན་གསུམ་གྱི་རིག་ཚན་ལ་སློབ་གཉེར་གྱི་གོ་སྐབས་ཐོབ། བདེ་སྐྱིད་སྒྲོལ་མས་རིག་ཚན་སོ་སོ་ལས་དབྱིན་ཡིག་སྦྱོང་བར་ཧ་ཅང་དགའ་པོ་ཡོད་ཅིང་། ནམ་རྒྱུན་བོད་རྒྱ་དབྱིན་གསུམ་གྱི་རིག་གཞུང་ལ་འབད་འབུངས་བྱས་ཏེ་མ་འོངས་པར་འཛམ་གླིང་བསྐོར་བའི་འདོད་འདུན་དང་རེ་སྨོན་གྱི་ཕུགས་འདུན་བཟང་པོ་སེམས་ནས་ནམ་ཡང་དོར་མ་མྱོང་།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ནས་ལོ་རིམ་དང་པོའི་སློབ་སྐབས་རྗེས་མར་སླེབས་སྐབས། སློབ་གསོར་རོགས་གཉེར་གྱི་ཐེབས་རྩ་ཚོགས་པ་ཞིག་གིས་དབྱིན་ཡིག་སློབ་གསོ་ལ་མཁོ་བའི་དགེ་རྒན་གསོ་སྐྱོང་བྱ་ཆེད་ནུབ་བྱང་མི་རིགས་སློབ་གླིང་དང་མཉམ་འབྲེལ་ཐོག་མདོ་དབུས་ཁམས་གསུམ་གྱི་སློབ་མ་བསྡུས་ཏེ་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ་ཞིག་གཉེར་སྐབས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་འཛིན་གྲྭ་ཡོངས་ནས་ནམ་རྒྱུན་སློབ་སྦྱོང་དང་ཀུན་སྤྱོད་བཟང་ཤོས་ཀྱི་སློབ་མ་བདུན་བདམས་ནས་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ་དེར་ཞུགས་པའི་གོ་སྐབས་སྤྲད་པ་ལས་མོ་ཡང་དེའི་ཁྲོད་ཀྱི་སློབ་མ་ཞིག་ཏུ་གྱུར་ཏེ། 2001ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭར་ཞུགས་པའི་སྐལ་བ་ཐོབ།

བདེ་སྐྱིད་སྒྲོལ་མ་ནི་བློ་བག་ཡངས་ཤིང་འགྲོགས་བདེ་ཀུན་མཐུན་གྱི་བུ་མོ་ཞིག་ཡིན་པས་དགེ་སློབ་ཡོངས་དང་འབྲེལ་འདྲིས་ཟབ་ལ། ནམ་རྒྱུན་སློབ་གྲྭ་དང་འཛིན་གྲྭ་ནས་གཏམ་བཤད་དང་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ཚེ་མོས་དབྱིན་སྐད་ཀྱི་གཏམ་བཤད་དང་བོད་རང་གི་གོས་རྒྱན་འཁྲབ་སྟོན་སོགས་བྱས་མྱོང་། དེ་ལྟར་ལོ་ལྔའི་རིང་གི་དབྱིན་ཡིག་ཆེད་སྦྱོང་བརྒྱུད་རིམ་ཁྲོད་བདེ་སྐྱིད་སྒྲོལ་མས་དཀའ་སྡུག་མང་པོ་ཁྱད་དུ་བསད་ཅིང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་སློབ་གྲྭ་ནས་དབྱིན་ཡིག་རིམ་པ་དྲུག་པའི་ཡོན་ཚད་བླངས་པ་དང་། སློབ་མཐར་ཕྱིན་དུས་ཐོ་ཧྥུ་རྒྱུགས་སྤྲད་ནས་འཕྲོད་པ་རེད།

ནུབ་བྱང་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་མོ་རང་ཐད་ཀར་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་གྱི་ལས་གནས་སུ་ཞུགས་ཆོག་ལ་ཁྱིམ་མི་ཚོའི་རེ་འདོད་ཀྱང་དེ་ལས་མ་འདས་མོད། འོན་ཀྱང་བདེ་སྐྱིད་སྒྲོལ་མའི་སེམས་ཀྱི་འདོད་བློ་ནི་རང་ཁ་རང་གསོའི་ལས་གནས་ཁེར་རྐྱང་ཞིག་འཚོལ་བ་ཙམ་ནི་གཏན་ནས་མིན་ཏེ། ད་དུང་མུ་མཐུད་དེ་དབྱིན་ཡིག་སློབ་སྦྱོང་དང་བོད་ཀྱི་གོས་རྒྱན་རིག་གནས་འཛིན་སྐྱོང་། དེ་བཞིན་ཚོང་ལས་སོགས་ལ་ཞུགས་རྒྱུའི་གཞན་ལས་ཁྱད་པར་ཅན་གྱི་འདུན་པ་དྲག་པོ་རང་གི་རྒྱུད་ལ་སྐྱེས་པ་དེ་ཡིན་ཞིང་། དབྱིན་ཡིག་སློབ་སྦྱོང་གི་ཁོར་ཡུག་ཅིག་འཚོལ་ཕྱིར་མ་བུ་བདེ་ཐང་དང་རིག་གནས་ཉམས་གསོ། སློབ་གསོ་ལས་རིགས་སོགས་རོགས་སྐྱོར་མཛད་མཁན་ཚོགས་པ་ཁག་ལ་དབྱིན་བོད་སྐད་བསྒྱུར་དུ་སོང་ནས་ཞོར་དུ་དབྱིན་ཡིག་ལ་འབད་བརྩོན་ལྷོད་མེད་བྱས།

སྤོབས་པ་ཆེན་པོས་རང་གི་མདུན་ལམ་འཚོལ།།

བོད་ཀྱི་གོས་རྒྱན་ཚོང་གཉེར་ལམ་བུར་ཞུགས།།

2008ལོར་བདེ་སྐྱིད་སྒྲོལ་མ་གྲོགས་པོ་ཚོ་གཅིག་དང་ལྷན་དུ་མདོ་གྲོང་ནས་ཚིག་ཇ་ཁང་ཞིག་གཉེར་ཏེ་ཁེ་སྤོགས་མི་དམན་པ་ཐོབ། 2008ལོའི་ལོ་མཇུག་ཏུ་རང་ཉིད་ཆུང་དུས་ནས་སེམས་སུ་ཉར་བའི་འདུན་པའི་ཚ་རླབས་ཇེ་ཆེར་སོང་བ་དང་། མིག་སྔར་མི་རིགས་རང་གི་རིག་གནས་ཉམས་གསོ་དང་གོང་སྤེལ་གྱི་འགག་གནད་ཅིག་ལ་ཐུག་ཡོད་ཅིང་། ལྷག་པར་དུ་མདོ་གྲོང་གི་གཉེན་སྟོན་སོགས་ཀྱི་སྐབས་སུ་གྱོན་ཆས་ར་མ་ལུག་ཅན་མི་རིགས་ཀྱི་ཁྱད་ཆོས་དོར་བའི་གནད་སོགས་ལ་དམིགས་ཏེ་བདེ་སྐྱིད་སྒྲོལ་མའི་སེམས་སུ་མདོ་གྲོང་ནས་གཉེན་སྒྲིག་གི་སྟོན་མོར་མཁོ་ཞིང་མི་རིགས་རང་གི་ཁྱད་ཆོས་ཡོད་པའི་བོད་གོས་ཚད་ལྡན་ཞིག་བཟོ་རྒྱུ་དང་། བོད་ཀྱི་གོས་རྒྱན་རིག་གནས་ཐད་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་ཕྲན་བུ་རེ་འདོན་རྒྱུའི་འདུན་པ་དྲག་པོས་ཀུན་ནས་སྐུལ་ཏེ་གོས་རྒྱན་ཚོང་གཉེར་བྱ་རྒྱུའི་སེམས་ཐག་བཅད། དེ་ནས་ཚིག་ཇ་ཁང་དང་ཉེ་ས་ནས་ཁང་པ་ཞིག་གླས་པ་དང་། སྐབས་དེར་མ་རྩ་ཉུང་ངུ་ལས་མེད་པས་གཉེན་ཉེ་ཞིག་ལ་སྒོར་མོ་གཡར་ནས་བོད་གོས་འཚོང་སའི་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་ཕྱེས་པ་རེད། ཚོང་ཁང་གི་མིང་ལ་མོ་རང་གིས“འབའ་ལ”ཞེས་བཏགས། “འབའ་ལ”ཞེས་པ་མི་ཉག་གི་ཡུལ་སྐད་ཡིན་ལ། དོན་དུ་ལྕུམ་ལ་གོ་སྟེ་ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན། གཞུང་རྟ་ཁོང་སྟོང་དྲང་མོར་སྐྱེས་ཤིང་ལོ་མ་ཆེན་པོ་བསིལ་གཡབ་ཀྱི་དབྱིབས་ཅན་ཞིག་ཡིན། མོ་རང་ཆུང་དུས་སུ་མགོ་བོ་ཆེ་ལ་སྐྲ་སྤུ་ཟིང་ཟིང་ཡིན་པས་ཞིང་ལ་གཤེགས་པའི་ཕ་དྲིན་ཆེན་གྱིས་མོའི་གཅེས་མིང་ལ“འབའ་ལ”ཞེས་བཏགས་པ་རེད། དེ་ལྟར་མོ་རང་གི་གཅེས་མིང་ཚོང་ཁང་ལ་བཏགས་པ་ཡིན་ཞིང་། བདེ་སྐྱིད་སྒྲོལ་མས་སེམས་སུ་སྐྱོ་ཉམས་དང་བཅས་རང་གིས་མིང་དེ་ལྟར་བཏགས་པ་ནི་གཅིག་ནས་དྲིན་ཕ་ལོའི་བཀའ་དྲིན་སྙིང་ནས་དྲན་པ་དང་། གཉིས་ནས“འབའ་ལ”ནི་རྩྭ་ལྡུམ་གཞན་དང་མི་འདྲ་བར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཁ་ཆར་དང་བུ་ཡུག་ལ་མི་འཇིགས་པའི་ཞུམ་མེད་ཀྱི་སྙིང་སྟོབས་དང་ངར་ཤུགས་ལྡན་པ་ཞིག་ཡིན་པས། མིང་དེ་ཡིས་རང་ལ་ངང་ངམ་ཤུགས་ཀྱིས་མདུན་དུ་སྐྱོད་པར་བློ་སྤོབས་ཀྱི་ནུས་པ་དང་ཆོད་སེམས་ཀྱི་འདུན་པ་དྲག་པོ་ཞིག་སྟེར་ཐུབ་པས་རེད་ཅེས་བཤད། རྗེས་ནས“འབའ་ལ”ཞེས་པའི་སྒྲ་དེ“དཔལ་ལྷ”ཞེས་པར་བསྒྱུར་བ་རེད།

ལོ་དང་པོར་ཚོང་ཁང་གི་ཡོང་འབབ་སྒོར་ཁྲི་བརྒྱད་ལ་ཟིན་པས་སེམས་གཏིང་ནས་སྤྲོ་ཞིང་མ་འོངས་པར་དེ་བས་ཡིད་ཆེས་དང་སྤོབས་པས་ཁེངས། ལོ་ཤས་འགོར་རྗེས་ཚོང་ཁང་གི་གནས་སྤོས་ཏེ་གཞི་ཁྱོན་དེ་བས་རྒྱ་བསྐྱེད། 2013ལོར་ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན་དུ་གོས་རྒྱན་རིག་གནས་ཀྱི་ཇུས་འགོད་དང་གསར་གཏོད་ཐད་ཀྱི་གསོ་སྦྱོང་ལ་ཞུགས་པའི་གོ་སྐབས་བྱུང་ཞིང་། ཟླ་བ་དྲུག་གི་སློབ་སྦྱོང་རིང་བདེ་སྐྱིད་སྒྲོལ་མས་བློ་སེམས་གཅིག་སྒྲིམ་གྱིས་ཧུར་བརྩོན་ལྷོད་མེད་བྱས། གསོ་སྦྱོང་མཇུག་རྫོགས་རྗེས་ཝ་ཧྲིན་ཐོན་དང་ནེའུ་ཡོ་སོགས་སུ་ཟླ་ཤས་རིང་ལྟ་སྐོར་དང་སློབ་སྦྱོང་བྱས་ཏེ་ཕྱིར་ཕ་ཡུལ་དུ་ལོག།

དེ་ལྟར་མུ་མཐུད་དུ་གོས་རྒྱན་ཚོང་གཉེར་རྒྱ་བསྐྱེད་དེ་ལས་བཟོ་བ་མི་ལྔ་གླས་ཤིང་ཚོང་ལས་ཀྱི་དམིགས་གཏད་ལ་གཞིགས་ནས་ཆེད་དུ་གཉེན་སྟོན་དང་གླུ་གར་འཁྲབ་སྟོན། དེ་བཞིན་ལས་ཁུངས་ཁག་གི་རིག་རྩལ་བྱེད་སྒོ་སོགས་ལ་མཁོ་བའི་སྲོལ་རྒྱུན་བོད་གོས་ཀྱི་ཉམས་མ་དོར་ལ། དེང་རབས་རས་ཆས་ཀྱི་སྤུས་ཀ་ལེགས་པ་དང་བཟོ་བོ་རྒན་པོའི་བཟོ་ཁོག་ཡག་པའི་ཁྱད་ཆོས་ཅན་གྱི་བོད་ལྭ་དང་རྒྱན་ཆ་མང་པོ་ཇུས་འགོད་གསར་གཏོད་བྱས་ཏེ་གོས་རྒྱན་ཕྱིར་འཚོང་དང་གླ་གཏོང་གཉིས་ཀའི་ཆ་ནས་ཚོང་ལམ་ཧ་ཅང་རྒྱུག་པས་ཉིན་མོར་ཟས་ཀྱང་ཟ་ཁོམ་མེད་པའི་གནས་སུ་གྱུར་བ་དང་། ལོ་ཤས་རིང་ལ་དེ་ལྟར་གོང་མ་ལོ་དང་འོག་ཕྲུ་གུ་རྣམས་ལའང་སྲི་ཞུ་དང་བྱམས་སྐྱོང་ཞིབ་མོར་བྱེད་ཁོམ་མ་བྱུང་། དེ་ལྟར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལོ་དང་ཟླ་བ་བརྒྱུད་དེ་རང་གི་ཕུགས་འདུན་སྙེག་པའི་ལམ་ཁར་དཔའ་མ་ཞུམ་ཞིང་། གཞན་གྱི་མི་ཁ་ལ་རྣ་བ་མ་བླགས་པར་དཀའ་སྡུག་ཐོད་པས་བསུས་ནས་མདུན་དུ་བསྐྱོད་པས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།

ཟོལ་མེད་གཉེར་སྐྱོང་ཚོང་གི་ཕུ་ཐག་རིང་།

མ་འོངས་འདུན་མར་བློ་དང་སྤོབས་པས་ཁེངས།

བོད་ཀྱི་རྒྱན་གོས་ཚོང་གཉེར་ནི་བདེ་སྐྱིད་སྒྲོལ་མའི་མི་ཚེ་གང་པོར་འབྲལ་ཐབས་མེད་པའི་བྱ་གཞག་གཙོ་བོ་ཞིག་ཡིན་ལ། མོ་རང་གི་ལ་རྒྱ་དང་གཞི་རྟེན་ཡང་ཡིན། ནམ་རྒྱུན་མོས་ལས་རོགས་རྣམས་ལ་གོས་རྒྱན་ནི་མི་རིགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། དེ་ནི་མི་རིགས་ཤིག་གི་འདས་མ་ད་གསུམ་དང་འབྲལ་དུ་མེད་པས་ང་ཚོས་སྲོལ་རྒྱུན་གྱི་གྱོན་པའི་ཁྱད་ཆོས་གཞིར་བཞག་ཐོག་དེང་རབས་བཟོ་རྩལ་དང་ལག་ཤེས་མཉམ་འབྲེལ་གྱིས་གོས་རྒྱན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བར་ནུས་པ་ཕྲན་བུ་འདོན་དགོས་ཞེས་བཤད་ཀྱིན་ཡོད། མོས་བོད་ཀྱི་གོས་རྒྱན་ཚོང་གཉེར་དང་རིག་གནས་དར་སྤེལ་གཏང་རྒྱུ་ནི་རང་གི་མི་ཚེའི་འདུན་མ་ཉག་ཅིག་ཡིན་ལ། ལོ་ལྟར་རྒྱལ་ནང་གི་གྲོང་ཁྱེར་ཁག་དང་སི་ཕེན། ཧྥ་རན་སི། དབྱི་ཐ་ལི་སོགས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གོས་རྒྱན་ཚོང་གཉེར་སོགས་ཀྱི་ཚོང་ལས་ཐད་སློབ་སྦྱོང་དང་ལྟ་སྐོར་འགྲོ་བཞིན་ཡོད་པ་དང་། ས་ཆ་རེ་རེར་སླེབས་དུས་མོ་རང་ལ་བོད་ཀྱི་གོས་རྒྱན་ནི་གཞན་ལས་ཁྱད་དུ་འཕགས་ཤིང་དེ་བས་ཀྱང་ཁྱད་ཆོས་ཅན་ཞིག་ཡིན་པའི་གོ་རྟོགས་ཟབ་མོ་ཐེབས་པ་དང་། རང་གི་ལས་གཉེར་ལ་དེ་བས་སྤྲོ་ཞིང་རིན་ཐང་ལྡན་པ་ཞིག་ཡིན་པའི་ཚོར་བ་དྲག་པོ་དང་སྤོབས་པ་ཆེན་པོ་སྐྱེས་སུ་བཅུག་པ་རེད།

བདེ་སྐྱིད་སྒྲོལ་མས་གོས་རྒྱན་ཚོང་གཉེར་གྱི་བགྲོད་ལམ་སྟེང་ཟོལ་མེད་དྲང་བདེན་གྱི་ལ་རྒྱ་ནམ་ཡང་མ་དོར་ལ། ཕུགས་ཀྱི་འདུན་མར་སྙེག་པའི་གོམ་སྟབས་ཀྱང་ནམ་ཡང་སྤོ་མཚམས་བཞག་མ་མྱོང་། འདི་ལྟར་བཞུར་ཟིན་པའི་ལོ་ཟླའི་འཁོར་སྐྱོད་ཁྲོད་ནས་དཀའ་ཁག་མང་པོ་ཞིག་ལ་གདོང་གཏད་པས་གྲུབ་འབྲས་ཀྱང་ཕུན་སུམ་ཚོགས་པོ་བྱུང་ཞིང་། མ་འོངས་པར་ལམ་བུ་འདི་ནས་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་འཚོལ་སྙེག་གི་ཐབས་ལ་བརྩོན་པའི་རྒྱུན་བསྐྱངས་ཏེ་མི་རིགས་ཀྱི་གོས་རྒྱན་རིག་གནས་འདི་ཉིད་བརྒྱུད་འཛིན་དང་དར་སྤེལ་ཐད་རང་ནུས་ཅི་ཡོད་ཀྱིས་ཤུགས་བསྒྲིམ་རྒྱུར་ཡིད་ཆེས་དང་རེ་བས་ཀུན་ནས་བརྟས་པ་ལགས་སོ།།

( མཁས་གྲུབ་ནོར་བུས་བྲིས་ཤིང་པར་བླངས།)