国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་ས་མིང་གཏམ་རྒྱུད་ལས་ཁྲེང་ཏུའུ་ཡི་གྲོང་རྡལ་ཐེན་ཧུའེ་དང་གོ་ཞན་ཧྲན།

གྲོང་རྡལ་ཐེན་ཧུའེ།

ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ(གསེར་གླང)ཆུས་ཀྱི་གྲོང་རྡལ་ཐེན་ཧུའེ་ནི་གྲོང་ཁུལ་གྱི་བྱང་རྒྱུད་དུ་གནས་ཡོད། རི་བོ་ཐེན་ཧུའེ་ཡི་འདབས་སུ་ཆགས་པའི་དབང་གིས་གྲོང་རྡལ་ཐེན་ཧུའེ་ཞེས་མིང་ཐོབ་པ་དང་། རི་བོ་ཐེན་ཧུའེ་ཡི་མིང་ཐོགས་དོན་ལ་ཡང་གཏམ་རྒྱུད་ངོ་མཚར་བ་ཞིག་ཡོད་པ་སྟེ།

ངག་རྒྱུན་དུ་གནའ་སྔ་མོར་ལྷ་ཡུལ་དུ་སྐྱེད་མོས་ཚལ་གྱི་བདག་གཉེར་པ་ཞིག་ཡོད་པའི་མིང་ལ་ཏུའུ་ཡུས་ཞེས་ཟེར། ཁོང་ལོ་སུམ་ཅུར་སོན་ཞིང་སྐུའི་རིང་ཚད་སྨི་གཉིས་ལྷག་ཡོད་ཅིང་། སྨིན་མ་སྟུག་ལ་སྤྱན་ཟུང་ཆེ། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་སྤྱང་གྲུང་འཛོམས་ཤིང་བསམ་གཞིག་མཁས་པས་ལྷ་ཡུལ་དུ་སྐད་གྲགས་ཆོད་པའི་ན་གཞོན་ཞིག་ཡིན་པ་རེད།

ཉིན་ཞིག་ལ། ཏུའུ་ཡུས་ཀྱིས་འཇོར་བུ་ཟླ་དབྱིབས་མ་དེ་ཁྱེར་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེད་ཚལ་དུ་ཡུར་མ་ཡུར་བཞིན་པའི་ཚེ། ཐུགས་སུ་གློ་བུར་དུ་ནུབ་རིར་གནས་པའི་ནུབ་ཕྱོགས་འཕགས་མོའི་རྒྱབ་ཕྱོགས་ཀྱི་མེ་ཏོག་ལྡུམ་ར་ཡོད་པའི་འཆི་མེད་ཁམ་བུ་སྡོང་པོ་ཞིག་གོང་མའི་སྐྱེད་ཚལ་དུ་སྤོས་ནས་དེར་བཞུགས་ལྷ་ཚང་མས་འཆི་མེད་ཁམ་བུའི་དྲི་ཞིམ་མྱང་ཐུབ་པའི་དྲན་འཆར་ཞིག་འཁོར་བ་དང་། དེ་མུར་ཁོས་བསམ་ཚུལ་དེ་ལྷ་དབང་བརྒྱ་བྱིན་ལ་ཞུས་པ་རེད། ལྷ་དབང་བརྒྱ་བྱིན་གྱིས་ཁོའི་དྲན་ཚུལ་བློ་སྤོབས་ཆེ་བར་བསྟོད་བསྔགས་གནང་བར་མ་ཟད། ད་དུང་རྟ་གསེར་རྔོག་མ་ཞིག་ཀྱང་གནང་ནས་ཁོ་རང་འཆི་མེད་ཁམ་བུ་སྤོ་འཛུགས་བྱེད་དུ་མངགས།

ཏུའུ་ཡུས་ཀྱི་རྟ་གསེར་རྔོག་མར་བཞོན་ནས་སེམས་པ་དགའ་ལྷང་ལྷང་ངང་ནུབ་རིའི་ཕྱོགས་སུ་རྒྱུག། རྟའི་རྨིག་སྒྲ་དང་འཕུར་བའི་རླུང་སྒྲ་དུས་གཅིག་ཏུ་གྲག་ཅིང་ཅུང་ཙམ་མ་འགོར་བར་ལམ་ཐག་གི་ཕྱེད་ཀར་ཟིན་པ་རེད། ཡིན་ན་ཡང་རི་ཕྲན་ཞིག་གི་འགོར་སླེབས་མ་ཐག་བསམ་ཡུལ་ལས་འདས་པ་མདུན་ཕྱོགས་སུ་གློ་བུར་དུ་ལུང་ཤུར་འགོམ་ཐབས་བྲལ་བ་ཞིག་བྱུང་། རྟ་ཡིས་འདྲོགས་སྐད་ལྷང་ལྷང་དུ་འཚེར་བ་དང་ཏུའུ་ཡུས་ཀྱིས་སྲབ་འཐེན་པ་དུས་མཉམ་པས་རྟ་གན་དུ་མདའ་ལྟར་དྲང་ངེར་ལངས། དེ་ནས་ཏུའུ་ཡུས་ཀྱིས་རྟ་ཁ་གཡང་ནས་གཅུས་ཏེ་གནས་ཚུལ་ཅི་ཞིག་བྱུང་བ་ལ་ཡང་བརྟག་ཁོམ་མེད་པར་རི་ཉིལ་ས་གས་སོང་བ་ལྟ་བུའི་སྒྲ་ཞིག་གྲག་པ་དང་ཆབས་ཅིག་འབྲུག་གྲག་ཅིང་ཐོག་འཁྱུག་པ་དང་། ཏུའུ་ཡུས་ལ་གནམ་ས་འཁོར་བ་ལྟ་བུའི་ཚོར་སྣང་ཞིག་བྱུང་ཞིང་རང་དབང་མེད་པར་མི་རྟ་གཉིས་རི་ཕྲན་དང་བཅས་པ་གཡང་གཟར་གཏིང་རིང་དུ་ལྷུང་།

མ་གཞིར་ཏུའུ་ཡུས་ནུབ་རི་རྒྱུག་པའི་ལམ་ཕྱེད་དུ་ཏག་ཏག་གུང་ཀུང་དང་ཀྲོང་ཞུའུ་གཉིས་ཀྱིས་རྒྱལ་ས་འཕྲོག་རེས་བྱེད་ཆེད་རི་བོ་པུ་ཀྲོའུ་ཡི་མདུན་དུ་འཐབ་ནས་ལྷ་ཡུལ་འདེགས་བྱེད་ཀྱི་ཀ་ཆེན་བཅག་པ་དང་ཐུག་སོང་བ་རེད། གནམ་ལ་གས་སྲུབས་བྱུང་ནས་ཆག་ཧྲུག་དག་མར་ལྷུང་ནས་ད་ལྟའི་ཁྲེང་ཏུའུ་ཀླུང་ཐང་དུ་བབས་པ་རེད། དེ་ནས་རིམ་བཞིན་ས་དེར་རི་ཕྲན་ཧ་ཅང་ཁྱད་མཚར་བ་གྲོད་ཁོག་གི་ལྟེ་བའི་ཁ་ཡོངས་སུ་བསུམས་མེད་པ་འདྲ་བ་ཞིག་ཏུ་ཆགས། སྟབས་ལེགས་པ་ཞིག་ལ་གནམ་རྟ་ཚེ་ལས་འདས་ཀྱང་ཏུའུ་ཡུས་བར་ཆད་ཆེན་པོ་ལས་ཐར་ཐུབ་ཡོད། ཁོང་གིས་རྡོག་ཤད་བརྒྱབ་སྟེ་ཡར་ལངས་ནས་སྐད་ཆེན་ཐེངས་གསུམ་བརྒྱབ་པ་རེད། རི་འདབས་སུ་ཡོད་པའི་ཡུལ་མི་ཚོས་སྣང་ཚུར་དེར་ཧང་སང་ནས་ཕྱག་གྱང་འཇལ་འཇལ་ཕུལ་བ་དང་འབྲེལ་ཁོང་གནམ་ལྷུང་ལྷ་རུ་བཀུར་བ་དང་། ཁོང་བབས་སའི་རི་ཕྲན་དེར་གནམ་རྡིབ་རི་ཞེས་མིང་བཏགས། དེ་ནས་བཟུང་ཏུའུ་ཡུས་མི་ཡུལ་དུ་བཞུགས་པ་དང་ཕྱིས་སུ་གནའ་བོའི་ཧྲུའུ(སི་ཁྲོན་ས་ཆ་སྤྱི།)རྒྱལ་ཁབ་ཀྱི་རྒྱལ་པོར་གྱུར། ལྷ་སྒྲུང་དེའི་སྐོར་ལ་ཧན་རྒྱལ་རབས་ཀྱི་དབྱང་ཞུང་གིས་ཧྲུའུ་ཡི་བཤད་པ་ཞེས་པའི་ནང་དུ་ཏུའུ་ཡུས་ལྷ་ནས་བབས་པ་ནས་བཟུང་མིང་ལ་ཐེན་ཧུའེ(གནམ་རྡིབ་པའམ་གས་གཏོར་ཐེབས་པའི་དོན།)ཞེས་འབོད་ཅེས་འཁོད་ཡོད།

རི་བོ་ཐེན་ཧུའེ་ཞེས་པའི་མིང་ཡུན་རིང་སྤྱད་དེ་ཐང་རྒྱལ་རབས་སུ་སླེབས་དུས། ཨན་སི་འཁྲུག་ལོང་བྱུང་བ་དང་། ཐང་ཞོན་ཙུང་ཧྲུའུ་ས་ཆར་ཞབས་བཅགས་ནས་རི་བོ་དེར་བཞུགས་མྱོང་ཞིང་། སྙན་ངག་པ་གྲགས་ཆེན་པེ་ཅུས་དབྱི་ཡིས་འགྱོད་གདུང་སངས་དཀའ་མ་ཞེས་པའི་ནང་དུ། འགྱུར་ལྡོག་བྱུང་ནས་ཐེན་ཧུའེ་འབྱོར།། ཞེས་པའི་ཚིག་རྐང་དེའི་ཁུངས་གཏུག་ས་ཡང་ས་ཆ་དེ་རེད། དེ་ནས་བཟུང་། ཐང་ཞོན་ཙུང་ཧྲུའུ་ས་ཆར་ཕེབས་ནས་ཕྱིར་ལོག་དུས་གནས་དེ་བརྒྱུད་མྱོང་བའི་ཆ་ནས་མི་རྣམས་ཀྱིས་རི་བོ་ཐེན་ཧུའུ་ཞེས་པའི་རྒྱ་ཡིག“隳”ཞེས་པ་དེ“回”ལ་བཅོས་པ་རེད། “隳”ཞེས་པ་ནི་གཏོར་བའི་དོན་ཡིན། “天隳山”ནི་གནམ་རྡིབ་རིའམ་གནམ་གཏོར་རི་ཞེས་པའི་དོན་ཡིན། “天回山”ཞེས་པའི་ཐེན་ནི་གནམ་ཡིན་ལ་རྒྱལ་པོར་གོ་བ་དང་ཧུའུ་(“回”)ཞེས་པ་ནི་ལོག་པའི་དོན་ཏེ་རྒྱལ་པོ་ཕྱིར་ལོག་ཕེབས་པའི་རི་བོ་ཞེས་པའི་དོན་ཡོད། དེ་ནས་རི་འདབས་སུ་ཡོད་པའི་གྲོང་རྡལ་ལ་ཡང་གྲོང་རྡལ་ཐེན་ཧུའུ་ཞེས་མིང་ཐོབ་པའོ།།

(ཅིན་ཉིའུ་ཆུས་དམངས་སྲིད་ཐིང་ནས་ནང་དོན་སྤྲད་ཅིང་སྐལ་ཐུབ་ཀྱིས་བསྒྱུར། )

གྲོང་རྡལ་གོ་ཞན་ཧྲན།

ཕེང་ཀྲོའོ་གྲོང་ཁྱེར་གྱི་གྲོང་རྡལ་གོ་ཞན་ཧྲན་ནི་ཕེང་ཀྲོའུ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་སྤྱི་ལེ19ཙམ་གྱི་སར་གནས་ཡོད། དེའི་ཁོངས་སུ་ཁྲོན་ནུབ་ཏོ་ལུགས་ཀྱི་རི་བོ་གྲགས་ཆེན་གོ་ཞན་ཧྲན་ཏེ་གོ་ལྷ་རི་ཡོད་པའི་རྐྱེན་གྱིས་མིང་དེ་ལྟར་ཐོབ་ཡོད།

གོ་ལྷ་རིར་མ་གཞིར་རི་བོ་རྡོ་དཀར་ཞེས་བཏགས་ཤིང་། རི་དབྱིབས་ཁྱད་མཚར་ཞིང་རྔམ་བརྗིད་ལྡན། བྲག་ཕུག་དྲ་བ་ལྟར་འབྲེལ་ཞིང་ཕུ་རིང་ལ་གཏིང་མཐའ་མི་མངོན་པ་དང་། རི་རྩེ་ཉེར་བཞི་དང་བྲག་ཕུག་གྱ་གཅིག་ཡོད་པར་གྲགས། ས་གནས་དེ་གར་ཏོ་ལུགས་ཆོས་པའམ་དྲང་སྲོང་གོ་ཡུང་ཀུའེ་དང་ཆོས་གྲོགས་དབྱང་ཧྲེན་ཞན་རི་བོ་དེར་རྩྭ་ཁང་དུ་བདུད་རྩི་རིལ་བུ་སྒྲུབ་ཅིང་ཉམས་ལེན་གནང་བ་དང་། བཙན་པོའི་གཉའ་གནོན་དང་ཉམ་ཐག་གི་མགོ་འདྲེན་མཛད་མཐར་གྲུབ་པ་ཐོབ་ནས་ལྷ་རུ་གྱུར་པའི་གཏམ་རྒྱུད་དར་ཁྱབ་ཆེ།

ངག་རྒྱུན་དུ་རི་བོ་རྡོ་དཀར་གྱི་བྲག་ཕུག་ཏུ་རྡོ་འབྲུག་ཅིག་བསྡད་ཡོད་ཅིང་། ལོ་རེའི་ཟླ་བ་གསུམ་པའི་ཚེས་གསུམ་ཉིན་ལ་ཕུག་པ་ལས་ཕྱིར་ཐོན་ནས་འཁྱམ་འཁྱམ་དུ་འགྲོ་སྲོལ་ཡོད། རྡོ་འབྲུག་ཕྱིར་ཐོན་པའི་ཚེ་ཕུ་མདའ་ཐམས་ཅད་དཀྲུག་པ་དང་། ཁང་ཞིང་མང་པོ་རྩ་མེད་དུ་བཏང་ཞིང་། སེམས་ཅན་མང་པོའི་ཚེ་སྲོག་ལ་གནོད་དེ་སྡུག་ལ་སྦྱར་བ་དང་། ཤར་རི་དང་ནུབ་རི་ལུང་ཤུར་གྲོག་རོང་དུ་བསྒྱུར་བ་རེད། ས་ཆ་དེར་སྐྱ་ཐལ་ལུང་སྟོང་དུ་སོང་ཞིང་མི་སེར་ཚོའི་འབྲུ་མཛོད་དུ་འབྲུ་རྡོག་གཅིག་ཀྱང་བླུག་རྒྱུ་མེད་པར་གྱུར། དྲང་སྲོང་གོ་ཡུང་ཀུའེ་དེ་གར་སྒྲུབ་པ་རྒྱག་སར་ཕེབས་པ་དང་གནས་ཚུལ་གསལ་པོར་མཁྱེན་རྗེས། ནུབ་གནམ་སྐྱོང་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་མི་སེར་གྱི་དོན་དུ་གནོད་བགེགས་ཚར་གཅོད་པའི་རེ་འདུན་ཞུས་པ་རེད། གནམ་སྐྱོང་སློབ་དཔོན་གྱིས་ཁོ་ལ་ལྷ་འགུགས་དམག་བཀོད་ཀྱི་མཐུ་བསྩལ་ནས་ཐོག་ལྷ་དང་གློག་ལྷར་བཀོད་པ་བྱས་ཏེ། རྡོ་འབྲུག་ཕྱིར་ཐོན་པའི་ཚེ་འཐབ་འཛིང་ཛ་དྲག་པོ་བྱས་མཐར་གདུག་འབྲུག་དམ་ལ་བཏགས་ཤིང་དེའི་གཤིས་རྒོད་བཏུལ་ཏེ་གཡུང་མོར་བསྒྱུར་བ་དང་འབྲེལ། ཕུག་པ་ནས་ཕྱིར་གང་མོས་འགྲོ་མི་ཆོག་པ་དང་ཁ་ནས་ཆུ་མིག་བརྟོལ་ཏེ་སྐྱེ་དངོས་ཐམས་ཅད་ལ་ཕན་གདགས་དགོས་པ་དང་། ལོ་རེའི་ཟླ་བ་གསུམ་པའི་ཚེས་གསུམ་ཉིན་ལ་གཞི་ནས་ཕྱིར་འཁྱམ་འཁྱམ་དུ་ཐེངས་གཅིག་ལས་འགྲོ་མི་ཆོག་པའི་དམ་རྒྱ་བསྡམས་པས་རྡོ་འབྲུག་གིས་ཀྱང་དྲང་སྲོང་གི་བཀའ་བཞིན་བརྩིས་པ་རེད། དྲང་སྲོང་གིས་ད་རུང་རྡོ་འབྲུག་གནོན་ཐབས་སུ་ཕུག་སྒོ་ཁར་ཐོག་ལྷ་དང་གློག་ལྷའི་སྐུ་བཞེངས་པས་བྲག་དུང་དེ་ལ་ཐོག་ལྷ་ཕུག་ཅེས་པའི་མིང་ཐོབ། རྡོ་འབྲུག་གིས་ཁ་ནས་ཆུ་རྒྱུན་ཆད་མེད་པར་བརྟོལ་བས་བྲག་ངོས་ལས་གྲུབ་ཆུ་བབས་ནས་ཤིང་དཀྲོལ་འདྲ་བའི་ཏིང་ཏུང་གི་སྒྲ་དང་མཚུངས་པའི་ཆ་ནས་བྲག་དུང་དེ་ལ་ཤིང་དཀྲོལ་སྒྲ་ཕུག་ཅེས་ཀྱང་བཏགས། དེ་སྔོན་རྡོ་འབྲུག་གིས་གཏོར་ཅིང་བཤིག་པའི་ས་ཆ་སྟེ་ད་ལྟའི་མིང་ལ་རྡོ་དཀར་ལུང་དང་མེ་ཏོག་ལྡུམ་ར་ལུང་ཟེར་ཞིང་། ཞིང་ས་ཧ་ཅང་གཤིན་པོ་ཡིན་ལ་ཀུ་ཤུ་དང་ཁམ་བུ། ལི། བ་ལུམ་སོགས་ཤིང་འབྲས་འབེལ་ལ་ལོ་ལྟར་འབྲས་བུ་གཡུར་ཟ་བ་སྨིན་པས་གོ་ཞན་ཧྲན་གྱི་ཉེ་རིང་ཀུན་ཏུ་སྐད་གྲགས་ཤིན་ཏུ་ཆེ། ས་གནས་དེ་གའི་མི་སེར་ཚོས་དྲང་སྲོང་གོ་ལགས་ཀྱི་སྐུ་དྲིན་འཇལ་ཆེད། རི་དེའི་མིང་ལ་གོ་ལྷ་རི་ཞེས་བཏགས་པ་རེད།

ལོ་ངོ་བརྒྱ་སྟོང་དུ་མའི་རིང་ལ། གོ་ལྷ་རིར་འགྲུལ་བ་དང་སྙན་ངག་པ་གྲངས་ལས་འདས་པ་འཛོམས་དང་འཛོམ་བཞིན་ཡོད། ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཆེན་བཞི(ཝང་པའོ་དང་དབྱང་ཅུང་། ལུའུ་ཀྲའོ་ལིན། ལོ་པིང་།)ཡི་ཡ་གྱལ་ཝང་པའོ་རི་བོ་དེར་འཛེགས་ནས། འབྲི་ཆུ་ཤར་རྒྱུག་གཞན་ཡུལ་ལུས།། རང་ཡུལ་ཐག་རིང་དྲན་ཞིང་གདུང་།། སྟོན་རླུང་དྲག་ཏུ་ལྡང་དུས་འཁེལ།། རི་ཀུན་སྡོང་ལོ་སེར་པོས་གཡོགས།། ཞེས་པའི་སྙན་ཚིག་བྲིས་ཏེ། ཡུལ་ལྗོངས་ལ་བརྟེན་ཏེ་རང་སེམས་ཀྱི་ཞེ་སྡང་དང་ཕ་ཡུལ་དྲན་པའི་བསམ་ཚུལ་མཚོན་པ་རེད། སྤྱི་ཟླ་གསུམ་པའི་ཚེས་གསུམ་ཉིན།། གོ་ལྷ་རི་བོ་མཇལ་དུ་འགྲོ།། ཞེས་པ་ལྟར་དེང་སང་ལོ་རེའི་སྤྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་ལ་ས་ཆ་དེར་ཆོས་ཚོགས་འཚོག་པ་དང་། ཉེ་འཁོར་གྱི་གྲོང་ཁྱེར་དང་རྫོང་གི་གནས་མཇལ་བ་དང་མཆོད་འབུལ་བ་མི་འབུམ་ལྷག་འཛོམས་ནས་འདུ་ལོང་ཧ་ཅང་ཆེ་བ་རེད། ངག་རྒྱུན་དུ་ཉིན་དེ་ནི་དྲང་སྲོང་གོ་ལགས་ཀྱི་འཁྲུངས་སྐར་དང་ཡང་ན་ལུས་བྱིན་བྲག་ནས་མཆོང་སྟེ་གྲུབ་པ་ཐོབ་པའི་ཉིན་མོར་གྲགས།

གོ་ལྷ་རིའི་ས་གཤིས་ཆགས་ལུགས་ངོ་མཚར་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ལ། རང་བྱུང་ཡུལ་ལྗོངས་རབ་ཏུ་མཛེས་ཤིང་། གནམ་གཤིས་དྲོ་གྲང་སྙོམས་པ་དང་། ཡང་སྒོས་སུ་ད་སྔ་འཛམ་གླིང་ན་དཀོན་པའི་འཁྱག་ཀླུང་ཆེ་གྲས་ཀྱིས་ཁྱེར་ཡོང་བའི་རྡོ་ཕ་བོང་འབོར་ཆེན་ཡོད་པའི་དབང་གིས་འཇིག་རྟེན་ཀུན་ལ་སྐད་གྲགས་ཁྱབ་ཡོད་པ་རེད།།

( ཙེང་ཞུན་ཏུང་གིས་བྲིས་ཤིང་སྐལ་ཐུབ་ཀྱིས་བསྒྱུར། )