国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་ཕ་ལགས། ངས་ཁྱེད་རང་ཡང་ཡང་འབྲི་འདོད།

ངས་དཀར་ཡུག་ཡུག་གི་ཁ་བའི་ངོས་སུ།

ཁྱེད་ཀྱི་རྣམ་པ་རི་མོར་བྲིས་ཏེ།

ནམ་མཁའ་དང་བྱེའུ་དག་ལ་གཟིགས་སུ་བཅུག།

འོན་ཀྱང་། ནམ་མཁའ་ནས་ཁ་བ་འབབ་བཞིན།

བྱེའུ་ཡིས་ཅ་ཅོ་སྒྲོག་པ་ལས།

ངས་ཁྱེད་རང་དྲན་བཞིན་པ་རྟོགས་ཀྱིན་མི་འདུག།

གང་ལྟར།

ཨ་ཕ་ལགས།

ངས་ཁྱེད་རང་ཡང་ཡང་འབྲི་འདོད།

ཨ་ཕ་ལགས།

ངས་འཇམ་ཐིང་ཐིང་གི་ཤོག་དཀར་ངོས་སུ།

ཡི་གེ་དང་ཡི་གེ་མཐུད་ནས།

ཁྱེད་ཀྱི་བརྩེ་བ་དང་དྲན་གདུང་བྲིས་ཏེ།

ཨ་མ་དང་གཉེན་ཉེ་དག་ལ་ཀློག་ཏུ་བཅུག།

འོན་ཀྱང་། ཨ་མ་ཡིས་མིག་ཆུ་བཞུར་བཞིན།

གཉེན་ཉེ་ཡིས་མ་ཎི་བཟློས་པ་ལས།

ངས་ཁྱེད་རང་དྲན་བཞིན་པ་རྟོགས་ཀྱིན་མི་འདུག།

གང་ལྟར།

ཨ་ཕ་ལགས།

ངས་ཁྱེད་རང་ཡང་ཡང་འབྲི་འདོད།

ཨ་ཕ་ལགས།

ངས་གཉོམ་དུང་དུང་གི་སེམས་པའི་ངོས་སུ།

ཁྱེད་ཀྱི་ཆ་ལུགས་དང་ཚུགས་ཀ་དག་བྲིས་ཏེ།

ནམ་ཡང་བསུབ་པ་མེད་པར་སེམས་ལ་ཟུག་ཏུ་བཅུག།

འོན་ཀྱང་།

ལོ་ཟླ་ནི་འདའ་བཞིན་འདའ་བཞིན།

ཉི་མ་ནི་ནུབ་བཞིན་ནུབ་བཞིན།

ངས་ཁྱེད་རང་དྲན་བཞིན་པ་རྟོགས་ཀྱིན་མི་འདུག།

གང་ལྟར།

ཨ་ཕ་ལགས། ངས་ཁྱེད་རང་ཡང་ཡང་འབྲི་འདོད།

༼ ཁ་བ་ན་རོ། ༽