ཀ་དག་བརྩེ་བའི་བདག་ཉིད་མགོན་ཁྱེད་དེ།།
ཁ་ལག་གཉིས་ཀྱིས་བསྐྱངས་ནས་ངེད་ཅག་འཚར།།
ག་དུས་ཡིན་ཡང་སེམས་ཀྱིས་སྲུང་མཁན་ཞིག།
ང་རང་འདི་ལྟར་སོན་པའང་ཡབ་ཀྱི་དྲིན།།
ཅ་ཅོའི་འུར་ཟིང་དབེན་པའི་རང་ཁྱིམ་དུ།།
ཆ་ཡོད་རྒྱུས་ཡོད་ངང་ནས་འཚར་ལོངས་བྱུང་།།
ཇ་ལས་ཆང་རག་མི་སྤྱོད་མཁན་གྱི་ཕ།།
ཉ་མོ་ལྕགས་ཀྱུས་འཛིན་བཞིན་ང་ཚོར་སྲུང་།།
ཏ་ཐཱ་ག་ཏའི་བསྟན་པར་སེམས་ཀྱིས་དད།།
ཐ་མག་སོགས་ཀྱི་སྤྱོད་པ་སྤངས་བ་མཆོག །
ད་འགྲོ་ད་འདུག་ཡོད་ཚད་བུ་དང་འབྲེལ།།
ན་ནད་མེད་པར་གྱུར་ན་བུ་བདག་སྐྱིད།།
པ་ཕ་ཁྱེད་རང་བཞུགས་པའི་ལོ་ཟླ་ལས།།
ཕ་ཁྱིམ་དྲོན་མོའི་བརྗིད་ཉམས་ངོམ་རིན་ཡོད།།
བ་མོའི་འོ་མ་ལས་དཀར་བརྩེ་སེམས་ཅན།།
མ་ལོའི་གཡས་གཡོན་སྐྱོབ་མ་ཁྱེད་རང་ཡིན།།
ཙ་གི་ཙིག་གིའི་ལས་ཀྱང་འབད་པས་སྒྲུབ།།
ཚ་གྲང་མཉམ་པའི་འཚོ་བར་སྐྱིད་ཀྱིས་ཁེངས།།
ཛ་དྲག་སླད་དུ་བསམ་མནོའི་འདུ་ཤེས་བྲལ།།
ཝ་ཡི་གཤིས་རྒྱུད་བོར་བའི་ཡབ་ཆེན་མཆོག།
ཞ་ལུའི་ལང་ཚོ་ཇི་བཞིན་ལུས་སེམས་བདེ།།
ཟ་འཐུང་ཁྱིམ་གྱི་མཁོ་དགུ་ཁྱེད་ཀྱིས་སྟེར།།
འ་ཅག་མཉམ་དུ་འཛོམས་པའི་ཉིན་མོ་འདིར།།
ཡ་ཡོ་ཁྱག་ཁྱོག་མེད་པས་མཛེས་ཤིང་སྡུག །
ར་བཟི་བ་ཡི་སྤྱོད་ལམ་གཟོད་ནས་སྤངས།།
ལ་ལུང་ག་ཚོད་བརྒལ་ཡང་སེམས་ངལ་མེད།།
ཤ་དང་རུས་པའི་འབྲེལ་བ་ཁྱེད་ལ་ཟུག།
ས་བཞིན་བརྟན་བརླིང་ཆེ་བའི་གཤིས་ཀ་ཡག །
ཧ་ཧ་དགོད་སྒྲ་མང་བའི་གཏན་ཚིགས་ཀྱང་།།
ཨ་ཕ་ཨ་མ་ཡོད་པས་ཅིས་མ་ཡིན།།
ཧ་ཅང་སྐྱོང་ཞིང་བཟུང་བའི་ཕ་མ་གཉིས།།
ཨ་ལོང་བརྩེ་བ་དགུ་སྐོར་བཞིན་དུ་མཛེས།།
དབྱངས་གསལ་ཚིག་ཕྲེང་སྒྲིག་པའི་ཡི་གེ་འདི།།
ཨ་ཕའི་དུས་ཆེན་བསུ་བའི་མཚོན་དོན་ཞིག།
ངག་སྨོན་རིང་མོ་ཞིག་གིས་མཚམས་སྦྱར་ནས།།
ཕ་དང་མ་ལོའི་སྐུ་ཚེ་བརྟན་ཕྱིར་འདེབས།།
༼ ཁམས་འོད་གསལ། ༽
